བྱམས་བརྩེ་མིའི་རང་བཞིན་ཡིན་པར་བརྟེན་རེ་བ་ཡོད་གསུངས་འདུག
2017.08.04
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ར་ཤི་ཡས་(Russian)བྱམས་བརྩེ་དང་སྐྱེ་འགྲོ་གཅིག་གྱུར་གྱི་བདེ་རྩ་ངོས་འཛིན་བྱེད་ཐུབ་པ་ཡིན་ན་དུས་རབས་འདི་འཚེ་བ་མེད་པར་གྲོས་མོལ་གྱི་དུས་རབས་ཤིག་བཟོ་རྒྱུའི་ནུས་པ་རྒྱལ་ཁབ་དེར་ཡོད་རེད་ཅེས་གསུངས་གནང་འདུག
འདི་ཚེས་༣་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མོ་སེ་ཀོ་ནང་རྟེན་གཞི་བྱས་པའི་བཟོ་ཚོང་སློབ་གཉེར་ཁང་(Synergy Business School)་གི་འགན་འཛིན་ (Grigory Avatov)གྷིརི་གྷོ་རི་ཨ་ཝ་ཏོཝ། དང་། གསར་འགོད་པ་ Dmitry Portnyagin་དྷིམི་ཏིརི་ པོརཏ་ནཡཱ་ཇིན་ རྣམ་གཉིས་༧གོང་ས་མཆོག་མཇལ་བཅར་གྱིས་འདི་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་འཚོགས་རྒྱུའི་གོང་ཞུས་བཟོ་ཚོང་སློབ་གཉེར་ཁང་དེའི་བགྲོ་གླེང་ཚོཊ་ཆེན་ཐོག་དང་ཕྱི་དངོས་པ་དང་ཆོས་ཀྱི་རིན་ཐང་བཏང་སྙོམས་སུ་གནས་ཐབས་སུ་བཀའ་སློབ་ལམ་སྟོན་ཞུས་གནང་འདུག
༧གོང་ས་མཆོག་ལ་དེ་རིང་གི་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་ཡིན་མིན་དགོངས་བསྐོར་ཞུས་པར་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དེ་རིང་གི་འཛམ་གླིང་ནང་འཚེ་བའི་ལས་ཧ་ཅང་མང་པོ་རེད། ས་གནས་ཁ་ཤས་ནང་ཞི་བདེ་ཡོད་ཀྱང་དབུལ་ཕྱུག་གི་བར་ཁྱད་ཆེན་པོ་དང་། དཀའ་ངལ་འཕྲད་བཞིན་པ་མང་ཆེ་བ་ང་རང་ཚོས་བཟོས་པ་ཡིན་པ་རེད་ཅེས་དང་། མི་འབོར་ཐེར་འབུམ་བདུན་ཙམ་ཡོད་པ་ནས་སུ་གཅིག་གིས་དཀའ་ངལ་འདོད་ཀྱི་མེད་ཀྱང་ང་ཚོའི་དཀའ་ངལ་ང་རང་ཚོས་བཟོ་གི་ཡོད་པ་བཀའ་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དཀའ་ངལ་དེ་དག་འདོད་བཞིན་དུ་བཟོས་པ་ཞིག་མིན་པ་བཀའ་གནང་པ་དང་། ཡང་གལ་ཏེ་ཁོང་ཁྲོ་མིའི་རང་བཞིན་ཡིན་ཚེ་རེ་བ་བྲལ་བ་ལྟ་བུ་ཡིན་ཡང་། དེ་ལྟར་མ་ཡིན་པར་མིའི་རང་བཞིན་བྱམས་བརྩེ་ཡིན་སྟབས་རེ་བ་བྱེད་ཆོག་པ་ཞིག་ཡིན་པ་བཀའ་གནང་འདུག
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཞན་ལ་ཕན་བདེ་འགྲུབ་རྒྱུ་ནི་ང་ཚོ་འཚོ་གནས་ཐུབ་པའི་གཞི་རྩ་ཞིག་ཡིན་པ་དང་། གཅིག་གིས་གཅིག་ལ་བསྟུན་དགོས་པ་དངོས་ཡོད་གནས་ཚུལ་སྟབས་མིའི་སྤྱི་ཚོགས་གཅིག་འགྱུར་གྱི་བསམ་པ་དང་འདུ་ཤེས་དགོས་རྒྱུ་གལ་ཆེ་ཡིན་པ་བཀའ་གནང་འདུག
ཡང་ར་ཤི་ཡའི་སྤྱི་ཚོགས་ཐོག ༧གོང་ས་མཆོག་གིས་ར་ཤི་ཡ་ནི་རིག་གཞུང་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་གཅིག་རེད་ཅེས་དང་། ར་ཤི་ཡས་བྱམས་བརྩེ་དང་སྐྱེ་འགྲོ་གཅིག་གྱུར་གྱི་བདེ་རྩ་ངོས་འཛིན་བྱེད་ཐུབ་པ་ཡིན་ན་དུས་རབས་འདི་འཚེ་བ་ཅན་ཞིག་མིན་པར་གྲོས་མོལ་གྱི་དུས་རབས་ཤིག་བཟོ་རྒྱུའི་ནུས་པ་རྒྱལ་ཁབ་དེར་ཡོད་པ་བཀའ་གནང་འདུག
མཇུག་ཏུ་ ར་ཤི་ཡའི་རྒྱལ་ས་མོསི་ཀོའི་ནང་ཡོད་པའི་ བཟོ་ཚོང་སློབ་གཉེར་ཁང་(Synergy Business School)་གི་འགན་འཛིན་ (Grigory Avatov)གྷིརི་གྷོ་རི་ཨ་ཝ་ཏོཝ་དང་ཁོང་གི་གྲོགས་པོ་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་སྟོན་དུས་སུ་འཚོགས་རྒྱུའི་ཚོགས་ཆེན་དེར་གདན་འདྲེན་ཞུ་རྒྱུའི་འདུན་པ་ཡོད་པ་སྙན་སེང་ཞུས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་སྨོན་མཚམས་སྦྱོར་མཛད་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།