༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་བཀའ་ཁྲིད་དབུ་འཛུགས་མཛད།
2020.08.04
ཆོས་ཀྱི་དོན་དམ་ཉམས་ལེན་བྱས་པ་ཡིན་ན་འཛམ་གླིང་ལ་ཕན་ཐོག་ཡོང་གི་རེད་ཅེས་བོད་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ངོ་སྤྲོད་དབུ་འཛུགས་སྐབས་བཀའ་བསྩལ་ཡོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་སའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་སློབ་གྲྭ་ཁག་གིས་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༤་ཉིན་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད། བོད་རིགས་ན་གཞོན་ཚོར་དམིགས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བསྩལ་སྐབས། ཆོས་འབྲེལ་གྱི་སྤྱི་བཤད་དུ་འཛམ་གླིང་ནང་གི་ཆོས་ལུགས་མི་འདྲ་བ་ཚང་མས་བྱམས་བརྩེའི་སྐོར་གསུང་གི་ཡོད་སྟབས་ཆོས་དོན་ལམ་གྱིས་ཉམས་ལེན་བྱས་པ་ཡིན་ན་འཛམ་གླིང་ལ་ཕན་ཐོག་ཡོང་གི་རེད། ཆོས་ལུགས་ཚང་མར་བཟང་པོའི་བསླབ་བྱ་ཡོད་པ་ཞིག་རེད་འདུག འོན་ཀྱང་ང་ཚོས་དཀོན་མཆོག་གི་ཆོས་ཀྱི་ནང་བྱམས་བརྩེ་སོགས་ཉམས་ལེན་བྱེད་རྒྱུ་དེ་ཙམ་མེད་པར་ཆོས་ལུགས་ཀྱི་མིང་ཞིག་འཁྱེར་ནས་ཤོག་ཁག་འཐེན་འཁྱེར་བྱ་རྒྱུའི་རྐྱེན་ལ་འགྲོ་ཡི་འདུག དེ་ཡག་པོ་མ་རེད། དེ་ལས་ཆོས་ཀྱི་ཉམས་ལེན་ངོ་ཐོག་རང་ཡག་པོ་བྱས་པ་ཡིན་ན། ཚང་མར་ཕན་གྱི་ཡོད་ཅེས་དང་། ཡང་༧གོང་ས་མཆོག་གིས་སློབ་གྲྭ་ཁག་གི་ནང་རྣམ་འགྲེལ་གྱི་ལེའུ་གཉིས་པ་དེ་ཁྲིད་ཐུབ་པ་ཡིན་ན་ཆོས་ཤེས་ནས་དད་པ་སྐྱེས་ཐུབ་པ་ཞིག་ཡོང་གི་རེད། དངོས་ཡོད་གནས་ཚུལ་ལ་དེང་སྐབས་འཛམ་གླིང་འདིའི་སྟེང་མི་གྲངས་ཐེར་འབུམ་བདུན་ཡོད་པའི་ནང་ཆོས་དད་བྱེད་མཁན་དང་། ཆོས་དད་མེད་མཁན། དེ་ནས་ཆོས་ལ་སྐྱོན་དུ་བལྟས་ནས་ཆོས་ལ་ངོ་རྒོལ་བྱེད་མཁན། གཞན་ཆོས་ལ་དམིགས་བསལ་དོ་སྣང་མེད་མཁན་སོགས་མང་པོ་ཡོད་ཀྱང་། དེ་དག་ཚང་མས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་རེད། ཆོས་ལ་ངོ་རྒོལ་བྱས་ནས་ཆོས་སྤངས་པའི་མི་དེར་བདེ་སྐྱིད་མང་བ་འདུག་གམ་མི་འདུག་ཅེས་བཀའ་བསྩལ་ཡོད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དངོས་གཞིའི་སྐབས། སེམས་ཅན་གྱི་སྡུག་བསྔལ་གྱི་རྩ་བ་དེ་ཕྱིན་ཅི་ལོག་པའི་བློ་དེ་ནས་ཡོང་གི་ཡོད་སྟབས། ཡིད་ལུགས་རྨོངས་པའི་བློ་དེ་རྒྱུ་མཚན་ལྡན་པ་དང་།ཤེས་རབ་བེད་སྤྱོད་བྱེད་པའི་ཐོག་ནས་སེལ་དགོས་པ་གལ་ཆེ་ཡིན་པ་ཡང་བཀའ་བསྩལ་ཡོད།
ཉིན་དང་པོའི་བཀའ་ཆོས་རྗེས། སློབ་ཕྲུག་ཚོའི་ཁྲོད་ནས་༧གོང་ས་མཆོག་ལ་བཀའ་འདྲི་ཞུ་མཁན་ཁག་ཅིག་བྱུང་བའི་ཁྲོད་བྷེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་སློབ་མ་ཤེས་རབ་སྐྱིད་ལགས་ཀྱིས་བྱམས་སྙིང་རྗེ་དང་། ལྟ་བ་རྟེན་འབྱུང་ཟུང་དུ་འབྲེལ་བའི་ཐོག་ནས་ཉམས་ལེན་བྱེད་ཕྱོགས་བཀའ་སློབ་ཞུས་བར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ཀྱི་མི་ཚེ་དེ་དཀའ་རྙོག་མང་པོ་ཞིག་གི་ཁྲོད་ནས་ཡོང་བ་ཡིན་ཡང་གང་ཉིད་ནས་བྱང་ཆུབ་ཀྱི་སེམས་ཉིན་ལྟར་སྒོམ་པ་དེས་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་སེམས་མ་ཞུམས་པ་དང་། སྙིང་སྟོབས་སྐྱེས་བ་ཞིག་ཡོང་བར་ཕན་ཐོག་ཆེན་པོ་བྱུང་བ་བཀའ་བསྩལ་གནང་ཡོད་པ་རེད།