བོད་ཀྱི་ཆོས་དང་རིག་གཞུང་རྒྱ་ཆེ་གཏིང་ཟབ་འདིས་བོད་དོན་ལ་ཕན་ཐོགས། ༧གོང་ས་མཆོག་གིས།


2018.06.08
༧གོང་ས་མཆོག་གིས་བོད་མི་གཞོན་སྐྱེས་ཚོར་ལོ་རེའི་འཆར་ཅན་གྱི་ཉིན་གསུམ་རིང་གི་ནང་ཆོས་ངོ་སྤྲོད་སྐབས། ༢༠༡༨།༦།༦ ༧གོང་ས་མཆོག་གིས་བོད་མི་གཞོན་སྐྱེས་ཚོར་ལོ་རེའི་འཆར་ཅན་གྱི་ཉིན་གསུམ་རིང་གི་ནང་ཆོས་ངོ་སྤྲོད་སྐབས། ༢༠༡༨།༦།༦
OHHDL

བོད་ཀྱི་ཆོས་དང་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་དེས་བོད་དོན་ལ་ཕན་ཐོགས་ཡོད་པ་༧གོང་ས་མཆོག་གིས་གསུངས་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། གཞོན་སྐྱེས་ཚོར་ཉིན་གྲངས་གསུམ་རིང་སྤྱོད་འཇུག་ཆེན་མོའི་སྒོ་ནས་ནང་ཆོས་ངོ་སྤྲོད་ཀྱི་མཛད་འཆར་ཕྱི་ཟླ་ ༦ ཚེས་ ༨ ཉིན་མཇུག་བསྒྲིལ་གནང་ཞིང་།  དེ་ཉིན་འཇམ་དབྱངས་དཀར་པོའི་རྗེས་སྣང་ཡང་བསྩལ་གནང་མཛད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་ཆོས་དང་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་དེས་བོད་དོན་ལའང་ཤུགས་མ་ཐུག་གིས་ཕན་གྱི་ཡོད་པ་བཀའ་གནང་པ་དང་། ལྷག་པར་རྒྱ་རིགས་ནང་བོད་ཀྱི་སངས་རྒྱས་པའི་ཟབ་ཁྱད་ཀྱི་གནད་དང་། ཟབ་པ་དང་རྒྱ་ཆེ་བ། ཟབ་ཅིང་བརླིང་བའི་ཆོས་ལུགས་ལ་ཤེས་ལྡན་ཚོས་དོ་སྣང་བྱས་ཡོང་དུས། རང་ཤུགས་ཀྱིས་བོད་པ་ལ་ཤ་ཚ་དང་རྒྱབ་སྐྱོར་བསླེབས་ཀྱི་ཡོད་པ་བཀའ་གནང་འདུག  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།  དོ་བདག་སོ་སོའི་ངོས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཉམས་ལེན་དང་སྟོང་ཉིད་ཀྱི་གོམས་པ་བསྟེན་ཚེ། དེས་སོ་སོ་རང་ཉིད་ཙམ་མིན་པར་བོད་སྤྱི་པ་ལ་ཡང་ཕན་ཐོགས་འབྱུང་རྒྱུ་མ་ཟད། འཛིན་སྐྱོང་སྤེལ་གསུམ་གྱི་ལམ་ནས་བསྟན་པ་ཡུན་དུ་གནས་རྒྱུར་ཡང་ཕན་ཐོགས་ཡོང་རྒྱུ་ཡིན་པ་བཀའ་གནང་པ་དང་། བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུར་ལུང་གི་བསྟན་པ་ལེགས་པོ་ངོ་འཕྲོད་པ་དགོས་རྒྱུ་ནི་ཧ་ཅང་གི་གལ་ཆེ་ཡིན་པར་བརྟེན། རྣམ་ཀུན་གྲྭ་ས་ཁག་གི་དགེ་འདུན་པ་ཚོར་བཀའ་གནང་པ་བཞིན་སློབ་ཕྲུག་ཚོས་ཀྱང་ནང་དོན་རིག་པར་སློབ་གཉེར་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
༧གོང་ས་མཆོག་གི་བཀའ་སློབ་གསན་རྗེས་སུ། སློབ་ཕྲུག་བདེ་སྐྱིད་ལྷ་མོ་ནས། སྤྱིར་བཏང་མི་ཚང་མ་ལ་དམིགས་ཡུལ་ཧ་ཅང་མང་པོ་ཡོད་པ་དང་། ང་རང་གི་མི་ཚེའི་ནང་དུའང་རྨི་ལམ་ཧ་ཅང་མང་པོ་ཡོད་ནའང་ང་རང་མི་སྐྱོ་བོ་དང་ཡག་པོ་གང་འདྲ་ཆགས་མིན་ལ་མ་ལྟོས་པར། སེམས་པ་བཟང་པོ་དང་སྐྱིད་པོ་བྱས་ནས་ མི་ལ་ཕན་ཐོགས་བྱ་མཁན་ཞིག་ཆགས་ཐུབ་རྒྱུར་༧གོང་ས་མཆོག་གིས་གསུང་ཆོས་ཀྱིས་ཤུགས་་རྐྱེན་ཆེན་པོ་ཐེབས་པ་ངོ་སྤྲོད་གནང་གི་འདུག།
ཡང་སློབ་ཕྲུག་ངག་དབང་དར་རྒྱས་ཀྱིས། ཁོང་གིས་བཀའ་ཆོས་ལས་བསླབ་བྱ་གཙོ་བོ་བཟོད་པ་སྒོམ་རྒྱུ་དང་ནམ་རྒྱུན་མི་ཚེའི་ནང་མི་གཞན་ལ་འཆམ་མཐུན་གྱིས། གཞན་ལ་ཕན་མ་ཐོགས་ནའང་གནོད་མི་བྱེད་པ། གཞན་ལ་གང་ཐུབ་ཀྱིས་རོགས་པ་བྱེད་རྒྱུ་སོགས་རྗེས་མ་ཆེན་པོ་ཆགས་སྐབས་བོད་མིའི་སྤྱི་ཚོགས་ལ་ཞབས་ཞུ་དང་། ནམ་རྒྱུན་གཞན་ལ་རོགས་པ་བྱ་འདོད་ཡོད་པ་ངོ་སྤྲོད་གནང་གི་འདུག
ད་ལན་༧གོང་ས་མཆོག་གིས་གཞོན་སྐྱེས་ལ་ནང་ཆོས་ངོ་སྤྲོད་ཐེངས་༡༢་པ་གྲུབ་བསྟུན་ལོ་རྗེས་མ་ཡང་བསྐྱར་ནང་ཆོས་ངོ་སྤྲོད་ཀྱི་བསྐལ་བཟང་ཤར་རྒྱུ་ཡིན་པ་གོང་ས་ཆེན་པོས་ཞལ་བཞེས་གནང་ཡོད་པ་རེད།

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎