རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་གྲོངས་པར་༧གོང་ས་མཆོག་གིས་ཐུགས་གསོ།


2019.08.07
དེ་སྔའི་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་(Sushma Swaraj)མཆོག 2018 དེ་སྔའི་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་(Sushma Swaraj)མཆོག 2018
AP

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་གྲོངས་པར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་ཐུགས་གསོའི་འཚམས་འཕྲིན་བསྩལ་འདུག
དེ་སྔའི་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་(Sushma Swaraj)མཆོག་གློ་བུར་དགོངས་པ་རྫོགས་པར་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ཀྱི་སྐུ་ཟླའི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་བསྩལ་ཡོད་པ་དང་། གསུང་འཕྲིན་ནང་དཀའ་སྡུག་ཆེ་བའི་དུས་ཚོད་འདིར་ངོས་ནས་འདས་པོའི་ཆེད་དུ་བསྔོ་སྨོན་དང་།  སྐུ་ཉིད་དང་ཤུལ་ལུས་ནང་མི་ཚོར་སེམས་གསོ་ཞུ་བཞིན་ཡོད། བློན་ཆེན་དམ་པ་དེ་ཉིད་ནི་ཀུན་གྱིས་གུས་བཀུར་ཞུ་ས་ཞིག་དང་། མི་མང་ལ་ཐུགས་ཁུར་ཆེ་བཞེས་གནང་མཁན་ཞིག་ཡིན་པ་མ་ཟད། ཁོང་གིས་གཞན་དོན་ཆེད་ཞབས་ཞུ་གནང་ཏེ་མི་ཚེ་དོན་སྙིང་ལྡན་པ་ཞིག་བྱུང་ཡོད་པ་རེད་ཞེས་བཀོད་གནང་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ཀྱང་ལྕམ་(Sushma Swaraj)་མཆོག་གི་ཆེད་ཐུགས་གསོའི་ཕྱག་བྲིས་གནང་བའི་ནང་། དཀའ་སྡུག་གི་དུས་ཚོད་འདིར་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཚོའི་ཚབ་ཞུས་ནས་སྐུ་ཉིད་ཀྱིས་གཙོས་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེས་ཞུ་བཞིན་ཡོད། དམ་པ་དེ་ཉིད་ཀྱིས་བོད་དོན་ཆེད་རྒྱ་གར་གྲོས་ཚོགས་ནང་གླེང་སློང་ཤུགས་ཆེ་གནང་མྱོང་ཡོད་པ་མ་ཟད། ཕྱི་ལོ་༢༠༡༧་ལོར་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་གསུང་བཤད་གནང་སྐབས་རྒྱ་གར་གྱིས་རྒྱ་ནག་ཕྱོགས་སུ་ལངས་ཏེ་བོད་དོན་གླེང་སློང་མ་བྱས་པར་ལྟད་མོ་བལྟས་ནས་སྡོད་རྒྱུ་མེད་པ་ནན་བརྗོད་གནང་ཡོད་པ་རེད། དམ་པ་དེ་ཉིད་ནི་བྱམས་བརྩེ་ལྡན་པའི་ཆབ་སྲིད་ཀྱི་དབུ་ཁྲིད་མི་སྣ་གྲགས་ཅན་ཞིག་ཡིན་པས་རྒྱ་གར་མི་མང་གིས་དམ་པ་དེ་ཉིད་ལ་དགའ་མོས་ཆེན་པོ་ཞུ་ཡི་ཡོད་པ་དང་། ཁོང་ནི་གཟེངས་སུ་ཐོན་པའི་མཛད་རྗེས་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་གནས་རྒྱུ་མ་ཟད། འབྱུང་འགྱུར་མི་རབས་རྗེས་མ་ཚོ་ལའང་མིག་དཔེ་བཟང་པོ་ཞིག་ཡོང་རྒྱུ་ངེས་གཏན་ཡིན་པ་སོགས་འཁོད་འདུག
ལྕམ་སྐུ་དམ་པ་(Sushma Swaraj)དེ་ཉིད་རྒྱ་གར་གྱི་སྲིད་བློན་མོ་དྷིའི་གཞུང་འཛིན་ལས་ཡུན་སྔོན་མའི་སྐབས་ཀྱི་ཕྱི་སྲིད་བློན་ཆེན་ཡིན་པ་དང་། ༢༠༡༩་ལོའི་ཟླ་༨་ཚེས་༦་ཉིན་དགོངས་པ་རྫོགས་པའི་སྐབས་དགུང་ལོ་ ༦༧ ་ཡིན་ཞིང། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་བུད་མེད་གཉིས་པ་དང་། སྲིད་ཞུའི་དུས་ཡུན་ཆ་ཚང་ཞུས་མྱོང་མཁན་གྱི་བུད་མེད་གཅིག་པུ་དེ་ཡིན་ཞིང་། ཁོང་གིས་རྒྱ་གར་ཕྱི་སྲིད་བློན་ཆེན་གྱི་ཐུགས་འགན་བཞེས་པའི་རིང་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཐད་ཕྱག་ལས་དོན་ཕན་ལྡན་པ་གནང་ཡོད་པ་མ་ཟད། མི་མང་གི་བདེ་སྡུག་དང་ལྷག་པར་དུ་རྒྱ་གར་གྱི་དབུལ་བོ་དང་གྲངས་ཉུང་མི་རིགས་ཁག་གི་ལས་དོན་ཐད་འགན་འཁུར་ཆེན་པོས་ཕྱག་ལས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎