སངས་རྒྱས་ཀྱི་བསྟན་པ་བདག་གཅེས་བྱ་རྒྱུ་གལ་ཆེ་གསུངས།
2012.08.03
༄༅། །ཁ་སང་ཕྱི་ཚེས་༢ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྕོག་ལམ་མཚན་ཉིད་སློབ་གྲྭའམ་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། མཐོ་སློབ་དེའི་གོ་སྒྲིག་འོག་རྒྱལ་གར་རྒྱལ་ཡོངས་ཆོས་བརྒྱུད་བཞིའི་དབུ་མའི་ལྟ་གྲུབ་ཀྱི་རྣམ་བཞག་སྐོར་ལ་བགྲོ་གླེང་འཚོགས་རྒྱུའི་ཚོགས་འདུ་དབུ་འབྱེད་བསྐྱངས་བ་དང་ཆབས་ཅིག ནང་པ་རྣམས་སངས་རྒྱས་པའི་ཆོས་ཀྱི་ཕན་ཡོན་ཤེས་པའི་ཐོག་བསྟན་པར་བདག་གཅེས་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་ལམ་སྟོན་བཀའ་བསྩལ་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གནས་བཀའ་སློབ་བསྩལ་གནང་བའི་ནང་། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་གཙོ་བོ་ནང་པའི་སྤྱི་ཚོགས་ནས་སངས་རྒྱས་ཀྱི་བསྟན་པར་དོ་སྣང་དང་བདག་གཅེས་བྱ་རྒྱུའི་འདོད་པ་ཡོད་པ་ཞིག་དགོས་ཀྱི་ཡོད། དེ་ཡོང་བར་སངས་རྒྱས་ཀྱི་ཆོས་ཀྱིས་རང་ཉིད་ཀྱི་ཕྲལ་ཕུགས་ལ་ཕན་ཐོགས་ག་རེ་ཡོང་གི་འདུག དེར་བསམ་བློ་གཏོང་དགོས་ཞེས་བཀའ་གནང་བ་དང་འབྲེལ། མི་སུ་འདྲ་ཞིག་ཡིན་རུང་རང་ལ་འཕྲལ་དང་ཕུགས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ན་དེ་བདག་པོ་རྒྱག་གི་རེད། ཕན་ཐོགས་གང་ཡང་མེད་ན། ལམ་དང་ལུགས་སྲོལ་གྱི་ཆ་ཤས་ལྟ་བུ་ཡིན་རུང་། དུས་ཚོད་དང་མི་ཚེའི་འགྲོ་སྟངས་འགྱུར་འགྲོ་ཡི་ཡོད་པར་བརྟེན་རིམ་བཞིན་འཇོག་རྒྱུ་རེད། དགོས་པ་དང་རྒྱུ་མཚན་མཐོང་ན་དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གཏོང་དགོས། དེར་བརྟེན་གང་ལྟར་ང་ཚོས་གཞུང་ཆེན་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་བཀའ་སློབ་བསྩལ་འདུག