ཌེན་མཀ་སྲིད་བློན་དང་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ།
2009.05.16
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ཉིས་སྟོང་གསུམ་ལོར་ཡོ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་ཌེན་མཀ་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཌེན་མཀ་ཀྱི་སྐབས་དེའི་སྲིད་བློན་ཨན་ཌེརེ་ཕོག་རེ་སི་མུ་སེན་མཆོག་གིས་༸གོང་ས་མཆོག་མཇལ་འཕྲད་གནང་བ་ལྟར་ཌེན་མཀ་ནང་བཅའ་བཞུགས་ལ་དགའ་རིན་པོ་ཆེས་གཙོ་སྐྱོང་གནང་བའི་བོད་ཀྱི་རོགས་ཚོགས་ཞེས་པའི་ཚོགས་པ་དེ་ཡིས་གདན་ཞུ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ཉི་ཤུ་དགུ་ནས་སུམ་ཅུ་སོ་གཅིག་བར་ཌེན་མཀ་དུ་ཆིབས་བསྒྱུར་གནང་སྐབས་ཌེན་མཀ་ཀྱི་ད་ལྟའི་སྲིད་བློན་ལར་སེ་ལོཀ་རེ་སི་མུ་སེན་མཆོག་གིས་ཀྱང་སྲིད་བློན་གྱི་གཟིམ་ཤག་ནང་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད། ༸གོང་ས་མཆོག་གིས་ཌེན་མཀ་ནང་དགུང་ཞག་གསུམ་བཞུགས་པའི་དད་ལྡ་ཆོས་ཞུ་བ་རྣམས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་སློབ་དཔོན་ཀ་མ་ལ་ཤྲི་ལས་མདད་པའི་སྒོམ་རིམ་བར་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་རྒྱུ་དང་ཡུལ་དེའི་མང་ཚོགས་ལ་ནང་སེམས་བརྒྱུད་འདུལ་བའི་ལམ་ནས་ཞི་བདེ་བཙལ་ཐབས་སྐོར་གྱི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད། ༸གོང་ས་མཆོག་ཌེན་མཀ་དུ་གདན་ཞུ་ཕུལ་མཁན་ལ་དགའ་རིན་པོ་ཆེ་དབུ་བཞུགས་ཐོག་ཌེན་མཀ་ནང་གནས་བཞིན་པའི་བོད་མི་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་ཤིག་ཀྱང་བསྟར་འབུལ་ཞུ་རྒྱུའི་འཆར་གཞི་ཡོད་པ་རེད༎