སློབ་ཐོན་པ་ཐོག་མ།
2013.07.03
༄༅། །ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་ངོ་སྤྲོད་བྱ་རྒྱུར་དམིགས་ནས་བོད་ཡིག་སློབ་གྲྭ་ཞིག་ཟུར་འཛུགས་གནང་ཡོད་པ་རེད། རེས་གཟའ་ཉི་མ་ནམ་ཡིན་ལ་ཚོགས་བཞིན་པའི་བོད་ཡིག་སློབ་གྲྭའི་སློབ་གཉེར་བ་བསྟན་འཛིན་གྲགས་པ་ལགས་དང་། འཇིགས་མེད་རྣམ་རྒྱལ་ལགས་རྣམ་གཉིས་ནས་སློབ་གྲྭ་དེའི་ནང་མུ་མཐུད་སློབ་གཉེར་གནང་བཞིན། ཐ་མ་བསླབ་པ་མཐར་སོན་བྱུང་ཡོད་པ་རེད། དེ་ནི་བོད་ཡིག་སློབ་གྲྭ་ནས་བསླབ་པ་མཐར་སོན་བྱུང་བ་ཐོག་མ་དེ་ཡིན་པར་བརྟེན། ཁོང་རྣམ་གཉིས་ལ་དགའ་བསུའི་གཟེངས་བསྟོད་ཆེད་ཕྱི་ཟླ་༦ཚེས་༣༠རེས་གཟའ་ཉི་མའི་ཉིན་མཛད་སྒོ་སྟབས་བདེ་ཞིག་གནང་སོང་། སྐབས་དེར་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀརྨ་རྒྱ་མཚོ་ལགས་ནས་སློབ་གཉེར་བ་གཉིས་ལ་ལེགས་གསོའི་བསྔགས་བརྗོད་དང་སྦྲགས། ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་ཡིག་སློབ་གྲྭའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་རྒྱུའི་གྲུབ་འབྲས་ཤིག་ཡིན་སྐོར་གསུངས་ཡོད་པ་རེད། མཛད་སྒོའི་ཐོག་ད་དུང་། སློབ་ཕྲུག་རྣམ་གཉིས་ཀྱི་འབྲེལ་ཡོད་དགེ་རྒན་རྣམ་པས་ལེགས་གསོའི་ཕྱག་འཁྱེར་འབུལ་སོང་བ་དང་། སློབ་གྲྭའི་འགན་འཁུར་བ་ཚེ་དབང་དངོས་གྲུབ་ལགས་ནས་གཟེངས་བསྟོད་ཀྱི་མཇལ་དར་དང་གསོལ་རས་གནང་སོང་། ཐ་མ་རེས་གཟའ་ཉི་མ་བོད་ཡིག་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་ཕ་མ་ཡོངས་ལ་ཆབ་གྲང་མོ་དང་ཞལ་ཏོག་འདེབས་འབུལ་དང་འབྲེལ་མཛད་སྒོ་མཇུག་བསྒྲིལ་གནང་སོང་།།