གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་༤༢་འཁོར་དུས་དྲན།

བཙན་བྱོལ་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་བཞི་བཅུ་ཞེ་གཉིས་འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད།

2011.10.08

༄༅༎འདི་ཚེ་བདུན་ཉི་མོ་འདི་བཞིན་བཙན་བྱོལ་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་བཞི་བཅུ་ཞེ་གཉིས་འཁོར་བའི་ཉི་མོ་ཞིག་ཡིན་པ་དང་། ཉི་མོ་འདི་བཞིན་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་རེད། འདི་ག་རྒྱལ་ས་ཝ་ཤིང་ཀྲོན་དུའང་ཁ་ས་དགོང་དྲོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་འོག་གཞོན་ནུའི་དུས་ཆེན་སྲུང་བརྩི་ཞུས་ཡོད་པའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུས་གཞོན་ནུའི་ཚོགས་གཙོ་ཟུར་པ་དཔལ་ལྡན་སྐུ་སྒེར་དྲུང་ཟུར་སྐུ་བློ་བཟང་སྦྱིན་པ་ལགས་དང་། དབུས་རྒྱུན་ཟུར་པ་ཟུར་ཁང་རྐར་མ་རྒྱ་མཚོ་ལགས་རྣམ་གཉིས་ཡིན་པ་རེད། ཁོང་རྣམ་གཉིས་ནས་གཞོན་ནུའི་ལངས་ཕྱོགས་དང་། གཞོན་ནུ་ལྷན་ཚོགས་ནས་ད་བར་བོད་མིའི་སྤྱི་ཚོགས་དང་། ལྷག་པར་དུ་བོད་དོན་བདེན་མཐའ་སེལ་ཐབས་སུ་ལས་འགུལ་ཇི་ལྟར་སྤེལ་མིན་སོགས་ངོ་སྤྲོད་དང་། སྦྲགས་གཞོན་སྐྱེས་ཚོར་གཙོ་བོ་རང་གི་སྐད་དང་ཡི་གེ། རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་བྱེད་དགོས་རྒྱུ་དང་། དེ་སྔའི་བོད་ཀྱི་ལོ་རྒྱུས་འབྱུང་རབས་སོགས་ཀྱི་ཐོག་དུས་ནས་དུས་སུ་རྒན་རབས་རྣམ་ལ་བཀའ་སློབ་དང་། བཅར་འདྲི་དང་ལན་ཞུ་རྒྱུ་སོགས་ཀྱི་ལས་རིམ་བཀོད་སྒྲིག་བྱེད་ཐུབ་ན་ཡག་པོ་ཡོང་རྒྱུ་ཡིན་ལུགས་སོགས་ཀྱི་ལམ་སྟོན་གནང་ཡོད་པ་རེད། ཡང་མཛད་སྒོའི་ཐོག་ཉེ་ཆར་བོད་ནང་བོད་མི་དྲུག་ཙམ་ནས་བོད་ཀྱི་བདེན་དོན་སེལ་ཐབས་སུ་དམིགས་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་བཏང་གནང་མཁན་དཔའ་བོ་དྲུག་ལ་མྱ་ངན་མཚོན་དོན་དུ་རྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་བཏུད་ཞུས་ཡོད་པ་དང་།
དེ་ནས་དབུས་གཞོན་ནུའི་ཚོགས་པའི་ཉི་མོ་དེའི་འཚམས་འཕྲིན་བསྒྲོགས་སྦྱང་དང་། རིམ་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འབྱུང་རབས་དང་། འབྲེལ་བའི་གནས་ཚུལ་རིགས་སྐོར་མང་ཚོགས་ལ་འདྲི་བ་བཏང་ནས་ལན་སུས་མང་བ་རྒྱབ་ཐུབ་ནས་དེར་གཞིགས་པས་གསོལ་རས་གནང་རྒྱུ་སོགས་ཀྱི་ལས་རིམ་སྒྲིག་ནས་དེ་དག་གི་ཐོག་མི་མང་གི་གཞོན་ནུའི་གནས་ཚུལ་ཤེས་རྟོག་ཡོང་རྒྱུའི་ཆེད་དམིགས་པ་ཞིག་ཡིན་པ་རེད། དེ་དང་ཕྱོགས་མཚུངས་ཕྲུ་གུ་ཆུང་བ་ཚོར་རྩེད་མོ་འགྲན་བསྡུར་གྱི་ལམ་ནས་གསོལ་རས་གནང་རྒྱུ་བཅས་ཀྱི་ལས་རིམ་སྤེལ་གནང་ཡོད་པ་རེད། འདི་ག་རྒྱལ་ས་ཝ་ཤིང་ཀྲོན་མངའ་ཁུལ་དུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཕྱི་ལོ་ ༢༠༠༨ ལོར་གསར་དུ་བཙུགས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་ཚོགས་མི་དེ་ཙམ་མང་པོ་མེད་ཀྱང་། ས་གནས་གནད་དགག་ཆེན་པོ་ཞིག་ཡིན་པའི་ཆ་ནས་སྐབས་དང་བསྟུན་ནས་ལས་འགུལ་འདྲ་མིན་མང་པོ་ཞིག་སྤེལ་བ་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཡང་མཉམ་རུབ་ཀྱི་ཐོག་ནས་ལས་དོན་རྒྱ་མི་ཆུང་བ་ཞིག་སྤེལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎