མང་གཙོའི་དུས་ཆེན་ཐེངས་༥༦པར་སྲུང་བརྩི་ཞུས་པ།
2016.09.04

༄༅།།བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་༥༦དེ་བཞིན་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་རྣམས་ནས་Watermine park ཞེས་པའི་སྐྱེས་མོས་ཚལ་དུ་སྲུང་བརྩི་ཞུས་ཡོད་པ་རེད། ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ཁ་སང་ཕྱི་ཚེས་༣ཉིན་སྲུང་བརྩི་ཞུས་པའི་མང་གཙོའི་དུས་ཆེན་གྱི་མཛད་སྒོ་དེའི་ཐོག ཉེ་ཆར་གསར་དུ་བསྐོ་བཞག་བྱུང་བའི་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་སྐུ་མགྲོན་གྱི་གཙོ་བོར་ཕེབས་ཡོད་པ་དང་། ཁོང་གིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་སྐབས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཞེས་ད་ལྟ་ཧྲ་ཐག་ཐག་ཡོད་པ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཡིན་པ་དྲན་སྐུལ་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོ་དེ་བཞིན་ཕྱི་ལོ་༡༩༦༠ལོར་ཐོག་མ་དབུ་བརྙེས་པ་དང་། ཕྱིས་སུ་ཕྱི་ལོ་༡༩༩༠ལོར་བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞིར་བསྒྱུར་བཅོས་ཆེན་པོ་མཛད་ཡོད་པ་དང་། རིམ་པས་ཕྱི་ལོ་༢༠༠༡ལོར་བཀའ་བློན་ཁྲི་པ་ཐད་ཀར་མི་མང་ནས་འོས་འདེམས་གནང་རྒྱུའི་ལམ་སྲོལ་བྱུང་བ་སོགས་༸གོང་ས་མཆོག་གི་ཕུགས་རྒྱང་རིང་པོའི་དགོངས་གཞི་ལ་བརྟེན་ལ་བཙན་བྱོལ་བོད་མིའི་མང་གཙོ་དེ་ཡང་དག་པའི་མང་གཙོ་ཞིག་ཆགས་ཡོད་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་རེད། དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་མཛད་སྒོ་དེའི་ཐོག་ད་དུང་། བཀའ་ཤག་གི་གསུང་འཕྲིན་ལུང་འདྲེན་དང་སྦྲགས། ལས་དོན་གང་འདྲ་ཞིག་ཡིན་རུང་བཟང་སྤྱོད་དང་ལྡན་པའི་ཐོག་ནས་གནང་དགོས་པ་དང་། བོད་མི་ཡོངས་སུ་རྫོགས་པ་ཆོལ་ཁ་ཆོས་ལུགས་ཀྱི་དབྱེ་བ་མེད་པར་བོད་པ་ཞེས་པའི་མིང་བྱང་ཞིག་གི་འོག་གནས་དགོས་སྐོར་གསུངས་ཡོད་པ་རེད། ཁོང་གིས་ད་དུང་། མ་འོངས་པར་དུས་ཆེན་ཁག་སྲུང་བརྩི་ཞུས་སྟངས་ཡར་རྒྱས་གང་འདྲ་བཏང་དགོས་པ་དང་། ལྷག་པར་དུ་དུས་ཆེན་ཁག་གི་མཛད་སྒོའི་ཐོག་གཞོན་སྐྱེས་གང་མང་མཉམ་བཞུགས་ཐུབ་པའི་ཆེད་དུ་འབད་བརྩོན་འཕར་མ་གནང་དགོས་སྐོར་གསུངས་ཡོད་པས་མ་ཚད། རིམ་པས་དེའི་ཐོག་སྐུ་ཚབ་དོན་ཁང་དང་བོད་རིགས་ཚོགས་པའི་དབར་བཀའ་མོལ་ཡོང་རྒྱུ་ཡིན་སྐོར་གསུངས་སོང་། ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་སྲུང་བརྩི་ཞུས་པའི་མཛད་སྒོ་དེའི་ཐོག་རྒྱུན་ལས་ཀུན་བཟང་སྒྲོལ་མ་ལགས་ནས་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་གནང་ཡོད་པས་མ་ཚད། ཚོགས་ཕེབས་བོད་མི་རྣམས་མཉམ་འཛོམས་ཀྱིས་གུང་ཚིགས་བཞེས་པ་དང་། འགོར་གཞས་འཁྲབ་པ་སོགས་ཀྱི་ལམ་ནས་དུས་ཆེན་དགའ་སྤྲོའི་ངང་སྲུང་བརྩི་ཞུས་ཡོད་པ་རེད།།
གསར་འགོད་པ་པ་སངས་དོན་ལྡན།