ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཝ་ཤིང་ཊོན་དུ་ཕེབས་འབྱོར་བྱུང་བ།
2018.02.11

༄༅༎འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་པ་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ད་རེས་ཐེངས་དང་པོ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་བྱུང་བ་དང་བསྟུན་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་རྣམས་ནས་ཁོང་ལ་ཕེབས་བསུའི་གསོལ་སྟོན་འདེགས་འབུལ་ཞུས་གནང་ཡོད་པ་རེད།
ཨ་རིའི་ཝར་ཇི་ནི་ཡ་མངའ་སྡེའི་ནང་རྟེན་གཞི་བྱེད་པའི་འབྲི་གུང་ཆོས་ཀྱི་ཉི་མ་ཆོས་ཚོགས་སུ་གོ་སྒྲིག་ཞུས་པའི་གསོལ་སྟོན་འདེབས་འབུལ་གྱི་འདུ་འཛོམས་དེའི་ཐོག་དོན་གྲུབ་དབང་ཆེན་ལགས་ནས་གསུང་བཤད་གནང་སྐབས། ད་རེས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་མི་རྣམས་ཐུགས་ཕྲད་བྱུང་བར་དགའ་ཚོར་བྱུང་བ་དང་། ཁོང་དེ་སྔ་སློབ་གྲྭར་ཕེབས་མྱོང་མེད་པར་བརྟེན་བཀའ་མོལ་གསུང་མཁས་པོ་དེ་འདྲ་མེད་ཀྱང་། ཁོང་གིས་གསུང་པའི་གནས་ཚུལ་དེ་དག་རིམ་པས་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས་སོང་། དོན་གྲུབ་དབང་ཆེན་ལགས་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་ཨ་རིའི་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་སན་ཕི་རེན་སིས་ཀོ་གྲོང་ཁྱེར་ནང་བདེ་འབྱོར་ཐོག་རང་གི་ནང་མི་བུ་ཕྲུག་རྣམས་དང་ལྷན་འཛོམས་བྱུང་བ་ཞིག་ཡིན་པ་དང་། ད་རེས་ཐེངས་དང་པོ་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཕེབས་པ་ཞིག་ཡིན་པ་ལྟར། ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནམ་མཁའ་བསྟན་འཛིན་ལགས་ནས་ཁོང་ལ་ཕེབས་བསུའི་མཇལ་དར་སྒྲོན་པ་དང་། ཕྱོགས་མཚུངས་ཚོགས་གཙོ་ནམ་མཁའ་བསྟན་འཛིན་ལགས་ནས་གསུངས་ཡག་ལ།དོན་གྲུབ་དབང་ཆེན་ལགས་ད་ཆ་བཙན་བྱོལ་དུ་ཕེབས་འབྱོར་ཐུབ་པར་དགའ་བསུ་ཞུས་པ་དང་སྦྲགས། བོད་ནང་གི་བོད་མི་རྣམས་མུ་མཐུད་དཀའ་སྡུག་མྱོང་བཞིན་ཡོད་པར་བརྟེན། ཁོང་རྣམ་པའི་དོན་དུ་བཙན་བྱོལ་ནང་གི་བོད་མི་ཚོས་མུ་མཐུད་ཕྱག་ལས་གནང་གི་ཡོད་སྐོར་གསུངས་སོང་།བོད་མི་གློག་བརྙན་བཟོ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་ནས་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོས་པའི་རྗེས་རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ ཕྱི་ལོ་༢༠༠༨ནས་༢༠༡༤བར་མི་ལོ་དྲུག་གི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། མཐར་བཙོན་གྲོལ་ཐོབ་ནས་རང་ཁྱིམ་དུ་འབྱོར་ཡོད་ཀྱང་ལོ་གསུམ་རིང་ཆབ་སྲིད་ཀྱི་ཐོབ་ཐང་རྩ་བ་ནས་མེད་པར་གནས་དགོས་བྱུང་ཡོད་པ་རེད།།
གསར་འགོད་པ་དབྱངས་སྒྲོལ།