རྒྱ་གར་དུ་ཚུགས་རྒྱུའི་རྒྱལ་སྤྱིའི་རྩེད་འགྲན་གྱི་གྲ་སྒྲིག་གནད་དོན།

རྒྱ་གར་ནང་ཀོ་མེན་ལྦེལ་ཐི་རྩེད་འགྲན་དེ་བཞིན་འགོ་འཛུགས་བྱ་རྒྱུར་ཟླ་བ་གཉིས་ཙམ་ལས་མེད་ཀྱང་ལྐོག་ཟ་ལ་སོགས་པའི་དཀའ་རྙོག་ཡོད་པ།

2010.08.03

༄༅༎དེ་སྔོན་དབྱིན་ཇིའི་མངའ་འོག་ཏུ་གནས་པའི་ཡུལ་གྲུ་ཁག་གི་རྩེད་འགྲན་སྟེ་ཀོ་མེན་ལྦེལ་ཐི་(The Common Wealth Games)ཞེས་པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འགོ་འཛུག་བྱ་རྒྱུར་ཟླ་བ་གཉིས་ཙམ་ལས་མེད་ཀྱང་ལྐོག་ཟའི་གྱོད་གཞི་དང་རྩེད་འགྲན་ཚུགས་ཡུལ་གྱི་རྩེད་ཐང་ཁག་གི་བཟོ་ལས་ལག་རྩལ་གྱི་སྤུས་ཀ་ཞན་པ་ བཟོ་ལས་ཚན་པ་ཁག་གིས་རྩེད་ཐང་ཁག་དུས་ཐོག་རྩིས་སྤྲོད་མ་ཐུབ་པ་སོགས་ད་ཆ་ཛ་དྲག་གི་གནས་སྟངས་ཞིག་ཆགས་ཡོད་པར་གནད་དོན་ཉམས་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

སྔོན་འཆར་ལྟར་ན་ཁ་ས་གཟའ་ཟླ་བའི་ཉིན་རྩེད་ཐང་ཡོངས་རྫོགས་ རྩེད་འགྲན་གྱི་འགན་འཛིན་ཚོར་རྩིས་སྤྲོད་ཟིན་པ་དགོས་ཀྱི་ཡོད་ན་ཡང་ རྩེད་ཐང་ཁག་བཞི་ད་དུང་ཡང་བཟོ་བསྐྲུན་ཟིན་མེད་པ་དང་ བཟོ་བསྐྲུན་ཟིན་པའི་རྩེད་ཐང་ཁག་ཅིག་གི་བཟོ་ལས་སྤུས་ཀ་ཚད་ལྡན་བྱུང་ཡོད་མིན་རྩོད་གཞི་ཅན་ཆགས་ཡོད་པ་རེད།

རྒྱ་གར་གཞུང་གི་ངོས་ནས་ དབྱིན་ཇིའི་མངའ་འོག་རྒྱལ་ཕྲན་ཡུལ་གྲུ་ཁག་གི་རྩེད་འགྲན་འདི་བརྒྱུད་རྒྱ་གར་གྱི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པ་འཛམ་གླིང་ཐོག་ངོམས་ཐུབ་རྒྱུའི་རེ་བ་བྱས་ཡོད་ན་ཡང་ ད་ཆ་རྙོག་དྲ་མང་དག་ཅིག་ཡོད་པ་དེ་དག་གིས་རྩེད་འགྲན་ངོ་མའི་ཐོག་དོ་ཕོག་མི་འབྱུང་ཆེད་ སྲིད་བློན་མན་མོ་ཧན་སིངག་གི་གཙོས་འབྲེལ་ཡོད་རྒྱ་གར་གཞུང་གི་དཔོན་རིགས་ཚོས་གྲ་སྒྲིག་གི་ལས་དོན་ཡོངས་རྫོགས་ཐུ་ཀ་ཚང་པོའི་ཐོག་འགྲོ་བཞིན་ཡོད་ལུགས་ཛ་དྲག་གི་གསལ་བཤད་གནང་དགོས་པ་ཆགས་ཡོད་འདུག།

ཉེ་ཆར་རྒྱ་གར་དབུས་གཞུང་གི་བཟོ་ལས་འཛུགས་བསྐྲུན་ཐོག་ཞིབ་རྟོག་གནང་མཁན་གྱི་ཆེས་མཐོའི་ཚོགས་ཆུང་གི་ཚོགས་གཙོའི་མིང་ཐོག་ནས་ཞིབ་འཇུག་གི་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་ རྒྱལ་ས་ལྡི་ལིའི་ནང་གི་རྩེ་འགྲན་ཚུགས་ཡུལ་དང་སྡོད་ཁང་སོགས་ཁང་པའི་རྣམ་གྲངས་མི་འདྲ་བ་བཅོ་ལྔར་ཞིབ་འཇུག་བྱས་པ་ཡོངས་རྫོགས་ཀྱི་ནང་ གཞུང་དང་གཞུང་འབྲེལ་མིན་པའི་བཟོ་ལས་ཚན་པ་ཚོས་ཁྲིམས་འགལ་གྱི་ལས་དོན་སྤེལ་ཡོད་པར་དྭོགས་གཞི་ཡོད་སྐོར་གསལ་སྟོན་གནང་ཡོད་པ་རེད།

འོན་ཀྱང་དབྱིན་ཇིའི་མངའ་འོག་རྒྱལ་ཕྲན་ཡུལ་གྲུ་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སུ་རེཤ་ཀལ་མ་ཌིས་ ཛ་དྲག་གི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པ་དེའི་སྐབས་ བརྒྱུད་ལམ་ཁག་ནང་ཐོན་པའི་གནས་ཚུལ་དེ་དག་ཆེད་མངགས་རྩེད་འགྲན་ཉམ་ཉེས་གཏོང་རྒྱུར་དམིགས་པ་ཞིག་ཡིན་པ་གསུངས་འདུག།

རྒྱ་གར་ནང་ཕྱི་ཟླ་བཅུ་པའི་ཚེས་༣ནས་འགོ་འཛུགས་བྱ་རྒྱུའི་རྩེད་འགྲན་འདི་ནི་ དབྱིན་ཇིའི་མངའ་འོག་རྒྱལ་ཕྲན་ཡུལ་གྲུ་ཁག་གི་རྩེད་འགྲན་གྱི་ལོ་རྒྱུས་ནང་གི་མ་གནས་ཆེ་ཤོས་གནས་པ་ཞིག་ཡིན་པ་དང་ ད་བར་གཞུང་འབྲེལ་གྱི་ཐོག་ནས་ཌོ་ལར་ཐེར་འབུམ་གཉིས་ཙམ་གྱི་འགྲོ་གྲོན་བཏང་ཟིན་པ་བརྗོད་བཞིན་ཡོད་ན་ཡང་ གནད་དོན་དབྱེ་ཞིབ་པ་ཚོས་འགྲོ་སོང་ངོ་མ་དེ་ལས་ལྡབ་གཉིས་ཙམ་གྱི་མང་བ་གནས་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎