༧གོང་ས་མཆོག་གི་བཀའ་སློབ་ཞུ་མཁན་གྱི་འཛིན་བྱང་རྫོགས་པ།
2015.08.05

ཕྱག་ཁྱེར་ཉོ་མཁན་མང་དྲག་པའི་རྐྱེན་གྱིས་ཆིབས་བསྒྱུར་གྲ་སྒྲིག་ཞུ་མཁན་གྱིས་མང་ཚོགས་ལ་བཟོད་བསྲན་དགོས་པའི་འབོད་སྐུལ་ཞུ་དགོས་བྱུང་བ།
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་བཅུ་པའི་ནང་ཨ་མི་རི་ཀའི་མངའ་སྡེ་Coloradoནང་ཆིབས་བསྒྱུར་མཛད་ཀྱིས་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུར་ཕེབས་མཁན་གྱི་ཕྱག་ཁྱེར་ཉོ་མཁན་མང་དྲག་པའི་རྐྱེན་གྱིས་ཆིབས་བསྒྱུར་གྲ་སྒྲིག་ཞུ་མཁན་རྣམས་ནས་མང་ཚོགས་ལ་བཟོད་བསྲན་དགོས་པའི་འབོད་སྐུལ་ཞུ་དགོས་བྱུང་འདུག ཨ་རིའི་Coloradoམངའ་སྡེའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་University of Coloradoགཙུག་ལག་སློབ་གྲ་ཆེན་མོ་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༧གོང་ས་མཆོག་འདི་ལོའི་ཕྱི་ཟླ་༡༠་པའི་ཚེས་༢༠་དང་༢༡་ཉིན་གཉིས་མང་ཚོགས་ལ་བཀའ་སློབ་སྩལ་གནང་སོགས་ཀྱི་མཛད་འཆར་ཡོད་སྟབས་དེའི་ཆེད་ཕྱག་ཁྱེར་ཚོང་འགྲེམས་་གཟའ་ཟླ་བའི་ཉིན་དབུ་འཛུགས་གནང་སྐབས་ཞལ་པར་དང་། གློག་འཕྲིན་emailདྲ་རྒྱ་བརྒྱུད་ནས་འབྲེལ་བ་ཞུ་མཁན་བརྒྱ་ཕྲག་མང་པོ་བྱུང་བ་དང་། ཁོང་རྣམས་ཚང་མ་༧གོང་ས་མཆོག་མཇལ་ཁར་བཅར་རྒྱུའི་འདོད་པ་ཆེན་པོ་ཡོད་རུང་། ད་བར་ཕྱག་ཁྱེར་མ་འཐོབ་པ་མང་པོ་ཡོད་པ་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པ་ལྷན་དུ་ཕྱག་ལས་གནང་མཁན་བཙུན་པ་བསྟན་འཛིན་ལྷ་མོ་ལགས་ཀྱིས་CUགཙུག་ལག་སློབ་གྲ་ཆེན་མོའི་ཚགས་པར་ལས་ཁང་ལ་གསུངས་འདུག
ད་དུང་ཁོང་ནས་ཨ་སྒོར་༢༥༠་ནས་༢༥༠༠་གནས་པའི་སྦྱིན་བདག་ཚོའི་ཕྱག་ཁྱེར་དེ་དང་པོ་ཚོང་འགྲེམས་ཞུ་སྐབས་དེ་དག་ཉིན་གཉིས་ཀྱི་ནང་ཚོང་བསྒྱུར་ཟིན་པ་དང་། དེ་ནས་གཟའ་ཟླ་བའི་ཉིན་མི་མང་བྱིངས་ལ་ཕྱག་ཁྱེར་ཚོང་རྒྱུ་འགོ་བཙུགས་ནས་སྐར་མ་༢༠་རྗེས་ལ་ཕྱག་ཁྱེར་ཡོངས་རྫོགས་ཚོང་བསྒྱུར་ཟིན་སྐོར་གསུངས་འདུག
དེར་བརྟེན་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པ་དང་། CU གཙུག་ལག་སློབ་གྲ་ཆེན་མོ་གཉིས་ཀྱིས་མང་ཚོགས་ནས་༧གོང་ས་མཆོག་གི་གསུང་ཐོས་ཞལ་མཇལ་རྒྱུ་ཡོང་ཕྱིར་ཚོགས་ཁང་གཞན་ཞིག་ཐོབ་ཐབས་གནང་གི་ཡོད་ལུགས་ཀྱང་གསུངས་འདུག
རྩ་བའི་༧གོང་ས་མཆོག་གིས་ཕྱི་ཟླ་༡༠་པའི་ཚེས་༢༠་ཉིན་Colorado གཙུག་ལག་སློབ་གྲ་ཆེན་མོའི་དགེ་ལས་སློབ་ཕྲུག་དང་། མང་ཚོགས་རྣམས་ལ་བཀའ་སློབ་སྩལ་རྒྱུ་དང་། དེ་ནས་ཕྱི་ཚེས་༢༡་ཉིན་མང་ཚོགས་ལ་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་གནང་རྒྱུ་ཡིན་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།