རྒྱ་ནག་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཞིན་འདུག


2016.07.20
གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཞིན་པ། ༢༠༡༦།༧།༢༠ གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཞིན་པ། ༢༠༡༦།༧།༢༠
བོད་འབྱོར།

བླ་རུང་ཆོས་སྒར་གྱི་གྲྭ་བཙུན་ང་ཚོས་སེམས་ཁྲལ་བྱས་ནས་སྡོད་པ་ལས་གཞན་ཐབས་ཤེས་གང་ཡང་མི་འདུག་གསུངས་བྱུང་།  
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། གསེར་རྟ་བླ་རུང་ཆོས་སྒར་གྱི་གྲ་ཤག་བཤིག་རྒྱུའི་ལས་གཞི་ད་རེས་གཟའ་ལྷག་པ་དང་སྤྱི་ཚེས་༢༠་ཉིན་དངོས་སུ་འགོ་ཚུགས་འདུག
རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁོངས་སུ་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་རྟ་རྫོང་ཁོངས་ཀྱི། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་རྒྱ་ནག་གཞུང་གིས་འཆར་གཞི་བཟོས་ཏེ་གྲྭ་བཙུན་ཉུང་དུ་གཏོང་རྒྱུ་ཡིན་པའི་ཐོག་གཞུང་གི་འཛུགས་བསྐྲུན་འཆར་གཞི་ནང་འཁོད་པའི་ཁྱབ་ཁོངས་ལས་ད་ཡོད་ཀྱི་གྲ་ཤག་ཁག་ཅིག་མེད་པ་བཟོ་རྒྱུ་ཡིན་པ་བརྗོད་ནས། སྤྱི་ཚེས་༢༠་དང་གཟའ་ལྷག་པའི་ཉིན་གྱི་ཞོགས་པ་ཆུ་ཚོད་བརྒྱད་པ་ནས་གཞུང་གི་འཆར་གཞིའི་ནང་མ་ཚུད་པའི་བཙུན་མའི་གྲ་ཤག་ཁག་ཅིག་དངོས་སུ་བཤིག་འགོ་ཚུགས་ཡོད་འདུག
འདི་ག་རླུང་འཕྲིན་ཁང་དུ་འབྱོར་བའི་འདྲ་པར་ལ་གཞིགས་ན། གྲ་ཤག་བཤིག་མཁན་གྱི་ལས་བཟོ་ནི་རྒྱ་ནག་ཁྲིན་ཏུ་ཀོང་ཧེ་འཛུགས་བསྐྲུན་བཟོ་བཀོད་ལས་ཁང་གི་ལས་མི་ཡིན་ཞིང་། ཆོས་སྒར་གྱི་མཁན་སྤྲུལ་རྣམ་པའི་བཀའ་བཞིན་གྲ་བཙུན་ཁྲོད་ནས་གྲྭ་ཤག་གཏོར་བར་བཀག་འགོག་བྱས་པའི་གནས་ཚུལ་གང་ཡང་ཐོན་མི་འདུག་ལ། ཆོས་སྒར་གྱི་གྲ་བཙུན་ཚོས་མཁན་པོ་དམ་པ་འཇིགས་མེད་ཕུན་ཚོགས་ཀྱི་བཀའ་བཞིན་རང་ཚུགས་མ་ཤོར་བ་དང་གཞན་སེམས་མ་དཀྲུག་པའི་ངང་ནས་བསྡད་ཡོད་ཅེས་བརྗོད་ཀྱི་འདུག
ཡང་མིང་བཏོན་གནང་འདོད་མེད་པའི་དགེ་འདུན་པ་ཞིག་གིས། འཆར་གཞི་ལྟར་ན་བླ་རུང་སྒར་ནས་གྲ་ཤག་སྟོང་ཕྲག་གཉིས་ནས་གསུམ་བར་བཤིག་རྒྱུ་ཡིན་པ་དང་། ད་ལྟ་བླ་རུང་སྒར་གྱི་གྲ་བཙུན་ང་ཚོས་སེམས་ཁྲལ་བྱས་ནས་སྡོད་པ་ལས་གཞན་ཐབས་ཤེས་གང་ཡང་མེད་པ་གསུངས་བྱུང་།  
གཞན་ཡང་ཟླ་ཤས་གོང་དྲ་ཐོག་ལ་ཐོན་པའི་རྒྱ་ནག་གཞུང་གི་འཆར་གཞིའི་ཡིག་ཆ་དེའི་ནང་འཁོད་པར། བླ་རུང་ཆོས་སྒར་དུ་གཞུང་གིས་གྲ་བཙུན་གྱི་ཚད་གཞི་བཟོས་ཡོད་པ་དང་། མ་འོངས་པའི་དུས་ཚོད་ནང་ཟི་ཁྲོན་ཞིང་ཆེན་ཁོངས་ནས་མ་ཡིན་པའི་གྲ་བཙུན་ཚོ་རིམ་པས་དགོན་པ་ནས་ཕྱིར་ཕུད་གཏོང་གི་ཡོད་པ་བཞིན་མཐར་གྲ་བཙུན་གྱི་ཚད་གཞི་ནི་ལྔ་སྟོང་བར་ཚོད་འཛིན་བྱེད་ཀྱི་ཡོད་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྟར་དབྱར་ཁ་བླ་རུང་ཆོས་སྒར་དུ་བོད་དང་རྒྱ་ནག་གི་ས་ཕྱོགས་ཁག་ནས་གནས་སྐོར་ལ་ཕེབས་མཁན་མང་པོ་ཡོད་རུང་། ཉེ་ཆར་བླ་རུང་སྒར་ལ་སྐྱོད་མཁན་ཁྲོད་དམ་བསྒྲགས་བྱེད་བཞིན་ཡོད་འདུག

གསར་འགོད་པ་སྒྲོལ་དཀར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎