བལ་ཡུལ་གྲོས་ཚོཊ་མདུན་དུ་མི་མང་བརྒྱ་ཕྲག་མང་པོས་ངོ་རྒོལ།
2011.05.21
༄༅༎བལ་ཡུལ་གྱི་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་ཀྱིས་དུས་བཀག་ནང་ཚུད་རྩ་ཁྲིམས་གསར་པ་གཏན་འབེབས་བྱ་དགོས་པའི་མི་མང་གི་གནོན་ཤུགས་སྤྲོད་ཕྱིར་བལ་ཡུལ་གྲོས་ཚོགས་མདུན་དུ་མི་མང་བརྒྱ་ཕྲག་མང་པོས་ངོ་རྒོལ་རྔམ་སྟོན་གནང་འདུག
ཕྱི་ལོ་༢༠༠༨་ཕྱི་ཟླ་༥་པའི་རྩ་ཁྲིམས་བཟོ་ཆེད་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་འོས་བསྡུ་གནང་སྟེ་ལས་ཡུལ་ལོ་ངོ་གཉིས་རྫོགས་རྗེས་སླར་ཡང་ལོ་ངོ་གཅིག་དུས་འགྱངས་བཏང་ཡང་ད་དུང་རྩ་ཁྲིམས་གསར་པ་གཏན་འབེབས་ཐུབ་མེད་པ་རེད།
བལ་ཡུལ་ནང་ལས་བྱེད་པ་དང་ཚོང་པ། གསར་འགོད་པ་དང་དགེ་རྒན་སོགས་ལས་རིགས་སྣ་ཚོགས་ལ་འཇུག་བཞིན་པའི་མི་མང་ནང་ཁུལ་དྲ་རྒྱ་བརྒྱུད་ནས་འབྲེལ་མཐུད་བྱས་ཏེ་མི་གྲངས་ཉིས་སྟོང་སྐོར་ངོ་རྒོལ་ནང་བཞུགས་ཐུབ་པ་བྱུང་འདུག མི་མང་གི་དགོས་འདུན་ནི། རྩ་ཁྲིམས་དུས་ཐོག་གཏན་འབེབས་བྱ་རྒྱུ་ཡིན་ཞིང་། བདུན་ཕྲག་སྔོན་མའི་ནང་རྒྱལ་ཡོངས་སུ་ངོ་རྒོལ་བྱུང་ཡོད་པ་མ་ཟད། རེས་གཟའ་ཉི་མ་དང་ཟླ་བ་བཅས་སུ་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་ལས་འཆར་བཀོད་འགྲིག་བྱས་འདུག ལྷག་པར་དུ་ཕྱི་ཚེས་༢༨་ཉིན་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་ཀྱི་ལས་ཡུན་རྫོགས་ཀྱི་ཡོད་སྟབས་ངོ་རྒོལ་ལས་འགུལ་ཇེ་མང་དུ་འགྲོ་ངེས་པ་ཡིན་པ་རེད། བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཆེ་ཁག་ནང་ཁུལ་དབང་ཆའི་འཐབ་རྩོད་དང་ལྟ་བ་མི་མཐུན་པའི་འགལ་ཟླའི་རང་བཞིན་ཆེ་དྲག་པའི་དབང་གིས་ཞི་འགྲིག་དང་། ཁྲིམས་བཟོའི་ལས་དོན་འགྲུབ་ཐུབ་མེད་པ་རེད། ད་ཆ་ཁྲིམས་བཟོའི་འཐུས་མིའི་ལས་ཡུན་དུས་འགྱངས་གནང་མིན་ཐད་སྲིད་དོན་ཚོགས་པ་ཆེ་ཁག་རྣམས་མང་མོས་མེད་པའི་གནས་སུ་གྱུར་ཡོད་ཅིང་། དེ་ཡང་ཁྲིམས་བཟོའི་འཐུས་མིའི་ལས་ཡུན་དུས་འགྱངས་བྱ་རྒྱུའི་གཞུང་འབྲེལ་གྲོས་འཆར་ལ་ཀོང་རེསི་(Congress)སྲིད་དོན་ཚོགས་པའི་རྒྱབ་སྐྱོར་འཐོབ་པ་བྱེད་པར་གཞུང་ནས་ཀོང་རེ་སི་ཚོགས་པའི་སྔོན་འགྲོའི་ཆ་རྐྱེན་དོན་ཚན་བཅུ་ཅན་ཁས་ལེན་གནང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།།