བོད་ཀྱི་བུད་མེད་ཀྱི་ནུས་ཤུགས་གོང་སྤེལ་ཆེད་བགྲོ་གླེང་ཚོགས་འདུ།
2010.03.04
༄༅༎བཙན་བྱོལ་ནང་བོད་ཀྱི་བུད་མེད་ཀྱི་ནུས་ཤུགས་གོང་སྤེལ་སླད་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་ཡོད་འདུག
དེ་ཡང་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་ལས་ཁུངས་ནས་གོ་བསྒྲིགས་གནང་བའི་འོག་ཁ་ས་ཚེས་གསུམ་དང་དེ་རིང་ཚེས་བཞི་ཉིན་གཉིས་རིང་བཞུགས་སྒར་རྡ་རམ་ས་ལའི་བཙན་བྱོལ་བོད་གཞུང་གི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་བཀའ་བློན་ཁྲི་པ་མཆོག་གི་དབུ་བཞུགས་ཐོག་འབྲེལ་ཡོད་འགན་འཛིན་རྣམ་པ་དང་གཞུང་ཞབས་བུད་མེད་ལས་བྱེད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ། བཙུན་དགོན་ཁག་ཅིག་སྐུ་ཚབ་སོགས་མཉམ་ཞུགས་གནང་ཡོད་འདུག
བཀའ་བློན་ཁྲི་པ་མཆོག་གིས་ད་ལྟའི་ཞིབ་མཇུག་བྱས་པའི་གྲངས་ཚད་ནས་གཞུང་གི་དབུས་སའི་ལས་བྱེད་ནང་བུད་མེད་ཀྱི་གྲངས་ཚད་དེ་ཙམ་གྱི་དམའ་པོ་མིན་ནའང་ས་གནས་སོ་སོའི་རང་བདེན་ཚོགས་ཆུང་དང་ས་གནས་གྲོས་ཚོགས། དེ་བཞིན་སྤྱི་འཐུས་ལྷན་ཚོགས་བཅས་ཀྱི་ནང་བུད་མེད་ཀྱི་གྲངས་ཚད་ཉུང་ཉུང་ཆགས་ཀྱི་འདུག་ཅེས་བཀའ་གནང་འདུག ཡང་བཀའ་བློན་ཁྲི་པ་མཆོག་གིས་མུ་མཐུད་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བུད་མེད་ལ་མཉའ་གནོན་དང་བཤུ་གཞོག། ཕོ་མོ་ལ་ཐོབ་ཐང་དང་རང་དབང་ཚད་འདྲ་མཉམ་མེད་པའི་དཀའ་ངལ་ཞིག་ཡོད་པ་དེ་སེལ་ཐབས་བྱེད་རྒྱུའི་ཆེད་ལས་འགུལ་འདི་བརྩམས་པ་ཞིག་མིན། རང་བཞིན་ལྷན་སྐྱེས་དང་ཐབས་ཤེས་ཟུང་འབྲེལ་བྱས་ཏེ་འགྲོ་དགོས་རྒྱུ་དང་སྐྱེས་པ་དང་བུད་མེད་ཟུང་དུ་འཇུག་ནས་འགྲོ་དགོས་པའི་གནས་ཚུལ་གང་དུའང་རྒྱུ་མཚན་ལ་བརྟེན་ནས་གལ་གནད་དེ་སྒྲུབ་རྒྱུའི་ལས་འགན་ཞིག་རེད། ལས་འགུལ་བརྩམས་པའི་དམིགས་ཚད་དེ་ནི་ལོ་བཅུའི་རྗེས་ལ་སྐྱར་དུ་གྲངས་ཚད་དེ་དག་བསྡུར་བ་ཡིན་ན་སློབ་གྲའི་ནང་ཕོ་མོའི་གྲངས་ཚད་ལྟར་ཕྲན་བུའི་ཁྱད་པར་མེད་པ་བཟོ་ཐུབ་ཚེ། ང་ཚོའི་དམིགས་ཚད་སྒྲུབ་པ་རེད་བསམ་གྱི་འདུག་པས་དེའི་ཆེད་དུ་ལམ་སྟོན་གནང་རོགས་ཅེས་གསུངས་བཤད་གནང་ཡོད་འདུག།