སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལ་གཟེངས་རྟགས།
2009.06.01
༄༅༎བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་རྒྱ་རི་སྒྲོལ་མ་ལགས་རྒྱ་གར་གྱི་མཱ་ཧ་རཤི་ཏྲ་མངའ་སྡེའི་ནང་ཡོད་པའི་རྡ་ལིཏ་ས་ཧིཏ་ཡ་ཨ་ཁེ་ཌེ་མི་ཞེས་པའི་རིགས་རུས་དམའ་བའི་ཤེས་ཡོན་ལྟེ་གནས་ཁང་ཞེས་པས་སྤྱི་ཟླ་ལྔ་པའི་ཚེས་སུམ་བཅུ་ཉིན་མཁས་དབང་ཨེམ་སྦེརྡ་ཀར་ཡིས་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོ་ཞིག་ཚུགས་གནང་ཡོད་པའི་ཐོག་གདན་ཞུ་བྱུང་བ་ལྟར་ཕེབས་ཡོད་པ་རེད། ཚོགས་པ་དེ་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པའི་ཚོགས་པ་ཞིག་ཡིན་ཞིང་མཁས་དབང་ཨེམ་སྦེརྡ་ཀར་ནི་རྒྱ་གར་གྱི་རྩ་ཁྲིམས་གསར་བཟོ་གནང་མཁན་དང་རྒྱ་གར་ནང་ཡོད་པའི་རིགས་རུས་དམའ་བའི་མི་རྣམས་ཀྱི་དགའ་ཞེས་དང་ཆེ་ཐོངས་ཆེན་པོ་ཞུ་ས་ཞིག་ཡིན་ཞིང་ད་རེས་མཁས་དབང་ཁོང་གི་འཁྲུངས་སྐར་མཛད་སྒོ་ཁག་ནང་སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ཨེམ་སྦེརྡ་ཀར་རོགས་སྐྱོར་ཚོགས་པའི་རྩོམ་ཡིག་གི་ལྷན་ཚོགས་ཤིག་ཡང་ཚོགས་གནང་ཡོད་པ་རེད། མཛད་སྒོ་ཁག་སྤེལ་བའི་རིང་རོགས་སྐྱོར་ཚོགས་པ་དེས་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བའི་བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་རྒྱ་རི་སྒྲོལ་མ་ལགས་སུ་མཆོག་འགྱུར་ཡུལ་མིའི་གཟེངས་རྟགས་ཞེས་པའི་བྱ་དགའ་ཞིག་ཕུལ་གནང་ཡོད་པ་དང་འབྲེལ་ཚོགས་པ་དེས་བོད་ཀྱི་དཀའ་གནད་སེལ་རྒྱུར་འཚེ་བ་མེད་པའི་ལམ་གྱི་ཐོག་ནས་འབད་བརྩོན་བྱ་རྒྱུར་རྒྱབ་སྐྱོར་གནང་རྒྱུའི་འདོད་ཚུལ་བཏོན་ཡོད་པ་རེད། བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཕྱི་ཟླ་དྲུག་པའི་ཚེས་གཉིས་ཉིན་ས་གནས་དེ་ནས་ཕྱིར་ལོགས་ཕེབས་ཀྱི་ཡོད་འདུག