ཐུཊ་འཚབ་ཡོད་པ་རྒྱ་ནག་གཞུང་ལ་བརྡ་ཁྱབ་ཡིག་འབྲེལ་གནང་འདུག
2014.07.09

བོད་ཀྱི་གཞས་པ་དང་སྒྱུ་རྩལ་བ་སོགས་འཇུ་བཟུང་དང་གར་སོང་ཆ་མེད་འགྱུར་བཞིན་པར་རྒྱལ་ཚོགས་ཀྱིས་བློ་འཚབ་ཆེན་པོ་གནང་གི་ཡོད་འདུག
དེ་ཡང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དམིགས་བསལ་ཁྱད་ལས་པ་བདུན་གྱིས་རྒྱ་ནག་གི་འཛིན་སྐྱོང་དཔོན་རིགས་ཚོར། བོད་ནང་གི་གཞས་པ་དང་། རོལ་དབྱངས་མཁན་ཚོའི་འགྲོ་བ་མིའི་ཐོབ་ཐང་ཐད་ཐུགས་འཚབ་ཡོད་པའི་བརྡ་ཁྱབ་ཡིག་འབྲེལ་གནང་ཡོད་པ་དང་། ༢༠༠༨ནས་བཟུང་རྒྱ་ནག་གིས་བོད་ནང་གི་གཞས་པ་དང་རྩོམ་པ་པོའི་ཐོག་དམིགས་བསལ་དམ་བསྒྲགས་ཆེན་པོ་བྱེད་འགོ་ཚུགས་ཡོད་པ་རེད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་འདི་ལོ་ཕྱི་ཟླ་༢པའི་ཚེས་༣ཉིན་རྒྱ་ནག་གཞུང་ལ་ཡིག་འབྲེལ་གནང་བའི་ནང་། བོད་ནང་གི་གཞས་པ་དང་རོལ་དབྱངས་པ་བཅུ་དོན་མེད་འཛིན་བཟུང་བཙོན་འཇུག་དང་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དེ་ཚོ་ནི་བོད་མི་དེ་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་བ་ཞིག་ཡིན་པ་དང་། གནད་དོན་དེའི་ཐད་རྒྱལ་ཚོགས་ཀྱིས་བློ་འཚབ་ཆེན་པོ་གནང་གི་ཡོད་པ་གསལ་བཏོན་གནང་ཡོད་པ་རེད། རྒྱལ་ཚོགས་ཀྱི་དམིགས་བསལ་ཁྱད་ལས་པ་བདུན་གྱིས་རྒྱ་མིའི་འཛིན་སྐྱོང་དཔོན་རིགས་ཚོར་བཏང་གནང་བའི་བརྡ་འཕྲིན་དེའི་ནང་། བོད་ནང་གི་གཞས་པ་མགོན་པོ་བསྟན་འཛིན་དང་། འཕྲིན་ལས་ཚེ་སྐར། སྐལ་བཟང་ཡར་འཕེལ། ལོ་ལོ། པདྨ་འཕྲིན་ལས། ཕྱག་རྡོར། མཁྱེན་རབ། ཉག་དོམ་པོ། ཤྭ་ཝོ་བཀྲིས། ཨ་མཆོག་ཕུལ་བྱུང་བཅས་ད་ལྟ་འཛིན་བཟུང་འོག་ཡོད་པ་འམ་ཡང་ན་གར་སོང་ཤེས་རྟོགས་མེད་པའི་གནས་ཚུལ་ཁོང་རྣམ་པར་འབྱོར་ཡོད་པ་གསལ་བཏོན་གནང་ཡོད་ཅིང་། བོད་ནང་གི་གཞས་པ་དེ་རྣམས་ཀྱིས་བོད་པའི་རིག་གཞུང་ལ་རྒྱབ་སྐྱོར་དང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ད་ལྟའི་གནས་སྟངས་སྐོར་གཞས་ཚིག་བརྩམས་པའི་ཉེས་མིང་བཏགས་ནས་འཛིན་བཟུང་བྱས་པར་སྐྱོན་བརྗོད་གནང་འདུག
གོང་ཞུས་རྒྱ་གཞུང་ལ་བཏང་གནང་བའི་བརྡ་ཁྱབ་དེའི་ཐོག་མཚན་རྟགས་བཀོད་གནང་མཁན་རྒྱལ་ཚོགས་ཀྱི་དམིགས་བསལ་ཁྱད་ལས་པ་བདུན་པོ་དེ་རྣམས་ནི། རིག་གཞུང་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང། ཆོས་དད་རང་དབང་དང་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོབ་ཀྱི་གནད་དོན་ཐོག་ཞིབ་འཇུག་གནང་མཁན་རང་དབང་ཅན་གྱི་ཁྱད་ལས་པ་ཡིན་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།