རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་འཐུད་ཚོགས་འདུ།

རྒྱ་གར་ནང་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་འཐུད་ཀྱི་ཚོགས་འདུ་དེ་རིང་ཕྱི་ཚེས་༢༦ནས་༢༨་བར་སྐོང་ཚོགས་གནང་གི་ཡོད་པ།

2010.03.26

༄༅༎རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་སུ་རྒྱ་གར་ནང་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་འཐུད་ཀྱི་ཚོགས་འདུ་དེ་རིང་ཕྱི་ཚེས་༢༦ནས་༢༨་བར་ཉིན་གྲངས་གསུམ་རིང་སྐོང་ཚོགས་གནང་གི་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག

དེ་རིང་རེས་གཟའ་ས་སངས་ཉིན་ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གི་དབུ་ཁྲིད་བར་གྱི་ད་ལྟའི་འབྲེལ་བའི་གནས་སྟངས་དང་མ་འོངས་པའི་འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་ཐུགས་རེ་ཇི་ཙམ་གནང་གི་ཡོད་མེད་སྐོར་གསུང་བཤད་གནང་སྟེ། བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་ནག་གཞུང་གི་མཉམ་དུ་མུ་མཐུད་འབྲེལ་ལམ་བྱེད་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་དང་མེད་དུ་མི་རུང་བའི་ཐབས་ལམ་ཞིག་ཡིན་པ་ངོས་འཛིན་ཞུ་གི་ཡོད་པའི་སྐོར་དང། འབྲེལ་ལམ་དེ་ཡང་མུ་མཐུད་རྒྱུན་གནས་ཡོང་ཐབས་ལ་བཙན་བྱོལ་བོད་གཞུང་གི་ཕྱོགས་ནས་དྲང་བདེན་དང་ལྷག་བསམ་གྱི་སྒོ་ནས་བྱེད་རྒྱུ་ཡིན་པ་གསུངས་ཡོད་པ་མ་ཟད། ད་དུང་རྒྱ་བོད་འབྲེལ་མོལ་གྱི་ལས་དོན་བརྒྱུད་རིམ་དེའི་ཐོག་ལ་བོད་མིའི་ངོས་ནས་བསྐྱར་ཞིབ་བྱེད་དགོས་པའི་སྐོར་གྱི་བསམ་ཚུལ་མང་པོ་ཞིག་ཐོན་བཞིན་པའི་གནས་ཚུལ་དང། ད་དུང་མ་འོངས་པའི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་སྐོར་ལ་གསུང་བཤད་གནང་བའི་སྐབས། བཙན་བྱོལ་བོད་གཞུང་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཐོག་ལ་འཛིན་པའི་སྲིད་ཇུས་ནི། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ནི་བཙན་བྱོལ་བོད་གཞུང་གི་ཐེ་ཇུས་མེད་པའི་རང་དབང་ཆ་ཚང་ལྡན་པའི་དང་བླངས་ཀྱི་ཚོགས་པ་ཞིག་ཡིན་པ་དང། སོ་སོའི་ཐོག་ནས་བོད་དོན་རྒྱབ་སྐྱོར་ལས་དོན་གང་ཞིག་སྤེལ་རུང་རང་དབང་གི་ཐོག་ནས་འདེམས་ཀ་བྱེད་ཆོག་པ་ཞིག་ཡིན་པར་བརྟེན། རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་ཁྱེད་ཚོའི་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་ལ་ཐེ་ཇུས་རྩ་བ་ནས་གནང་གི་མ་རེད་ཅེས་དང། ཡིན་ནའང་ཉེ་བའི་དུས་ཚོད་ནང་ཕྱིའི་རྒྱལ་ཁབ་ཁག་ཅིག་གིས་སོ་སོའི་དཀའ་ངལ་གྱི་གནས་སྟངས་མི་འདྲ་བའི་ཐོག་ནས་རྒྱ་ནག་གི་གནོན་ཤུགས་ལ་མགོ་བོ་སྒུར་དགོས་པའི་གནས་ཚུལ་བྱུང་ཡོད་པ་གསུང་སྟེ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་འཚེ་མེད་ཞི་བའི་ཐབས་ལམ་རྒྱུན་འཁྱོངས་དང་ལངས་ཕྱོགས་བརྟན་པོའི་སྒོ་ནས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་གདོང་ལེན་བྱེད་དགོས་པ་དང། ད་ལྟ་བར་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་བོད་མིའི་དྲང་བདེན་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་ཉམས་སྐྱེད་གནང་ཡོད་ཀྱང། དེས་འགྲིག་ཐབས་མེད་པར་ད་ཆ་བོད་ཀྱི་གནད་དོན་དེ་ནི་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་གནད་དོན་ཞིག་ཏུ་འགྱུར་ཐབས་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎