རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་རྒྱ་ནག་གི་བཙོན་ཁང་དུ་ལོ་བཞིའི་བཙོན་འཇུག་རྗེས་ཀློད་གྲོལ་ཐོབ་ཡོད་འདུག

2023.08.07
རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་རྒྱ་ནག་གི་བཙོན་ཁང་དུ་ལོ་བཞིའི་བཙོན་འཇུག་རྗེས་ཀློད་གྲོལ་ཐོབ་ཡོད་འདུག བོད་ནང་གི་རྩོམ་པ་པོ་བློ་བཟང་ལྷུན་གྲུབ་བམ་སྨྱུག་མིང་ལ་དྷཱི་ལྷ་ལྡན་ལགས།
བོད་འབྱོར།

ཕྱི་ལོ་༢༠༢༣་ཟླ་༨པའི་ཚེས་མགོར་བོད་ནང་གི་རྩོམ་པ་པོ་བློ་བཟང་ལྷུན་གྲུབ་བམ་སྨྱུག་མིང་ལ་དྷཱི་ལྷ་ལྡན་ལགས། རྒྱ་ནག་ཁྲིན་ཏུའུ་མཱན་ཡང་བཙོན་ཁང་དུ་ལོ་ངོ་བཞིའི་བཙོན་འཇུག་དུས་ཡུན་ཚང་ནས་བཙོན་གྲོལ་ཐོབ་ཡོད་པ་དང་། ད་ལྟའི་ཆར་རྩོམ་པ་པོ་ཁོང་ཕ་ཡུལ་གྱི་རང་ཁྱིམ་དུ་ཕྱིར་བདེ་འབྱོར་བྱུང་ཡོད་པ་ལས། ཁོང་གི་སྐུ་གཟུགས་གནས་སྟངས་གཙོས་ཞིབ་ཕྲའི་གནས་ཚུལ་ཁག་ཤེས་རྟོགས་ཐུབ་ཀྱི་མི་འདུག་ལ། མུ་མཐུད་ཁོང་གི་འགྲོ་འདུག་གནས་སྟངས་ཐད་དམ་དྲགས་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༩་ལོའི་ཕྱི་ཟླ་༦་ནང་། ཁོང་གིས་རྩོམ་བྲིས་པ་ཁག་གིས་རྒྱལ་ཁབ་ལ་ངོ་ལོག་དང་སྤྱི་ཚོགས་ཟིང་སློང་བྱས་པའི་ཉེས་མིང་འོག་རྒྱ་ནག་གྲོང་ཁྱེར་ཁྲིན་ཏུའུ་ནས་འཛིན་བཟུང་བྱས་ཏེ། ལོ་གཉིས་ལྷག་རིང་བཀག་ཉར་འོག་བཞག་རྗེས་ཕྱི་ལོ་༢༠༢༡ལོར་རྒྱ་ནག་གཞུང་གིས་ཁོང་ལ་ལོ་བཞིའི་ཁྲིམས་ཐག་བཅད་ཡོད་པ་ནང་མིར་བཤད་ཡོད་པ་རེད་ལ། སྐབས་དེར་ཁོང་ལ་ཁྲིམས་བཤེར་དང་ཁྲིམས་ཐག་བཅད་སྐབས་ཁོང་གི་ནང་མི་སུ་ཞིག་ལ་ཡང་བརྡ་ལན་སྤྲད་མེད་པ་མ་ཟད། ཐ་ན་བཀག་ཉར་སྐབས་ཁོང་ལ་ཐུག་འཕྲད་ཙམ་ཡང་བྱེད་བཅུག་མེད་པའི་གནས་སྟངས་བྱུང་ཡོད་པ་རེད་ལ། སི་པན་དུ་གནས་སྡོད་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་ནས། དྷཱི་ལྷ་ལྡན་འཛིན་བཟུང་བྱེད་དོན་གཙོ་བོ་ཁོང་གིས་བོད་ནང་གི་དངོས་དོན་གནད་དོན་བདེན་པའི་ལམ་ནས་བསྒྲགས་པས། ཁོང་གི་སྨྲ་བརྗོད་རང་དབང་ལ་བཀག་བསྡོམས་དང་འཛིན་བཟུང་བྱས་པ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

དྷཱི་ལྷ་ལྡན་ལགས་ནས་ཕྱི་ལོ་༢༠༠༨ལོ་ནས་བོད་ཀྱི་ས་ཁུལ་མང་པོར་འགྲུལ་བཞུད་ཀྱིས་བོད་ཁུལ་གྱི་དངོས་ཡོད་གནས་ཚུལ་སྐོར་ལ་རྩོམ་འབྲིའི་ཕྱག་ལས་གནང་འགོ་ཚུགས་ཡོད་པ་མ་ཟད། ཁོང་གིས་སྔ་ཕྱིར་ཕྱི་ལོ་༢༠༠༨ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་བའི་དཔེ་དེབ་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་དང་། བསྟུན་རྒོལ་ཁྲིམས་གཏུགས། གཞན་ཡང་སྤྱི་ཚོགས་དཔྱད་བརྗོད་ཀྱི་དཔེ་དེབ་དོགས་པའི་ཚོམས་བཅས་བྲིས་ཡོད་པ་རེད་ལ། ཁོང་གིས་དེ་སྔ་རྩོམ་ཡིག་ཅིག་ཏུ་སྤྱིར་བདག་གིས་བཤད་པའི་སྐད་ཆ་དང་བྲིས་པའི་དཔེ་དེབ་ཡོད་དགུ་གཞུང་དམངས་གཉིས་ཀ་ཞི་འགྲིག་མཉམ་གནས་དང་། འདྲ་མཉམ་གཉིས་སྨན། རང་བདེ་གཞན་སྐྱིད་ཅིག་ཡོང་ཕྱིར་ལས་གཞན་གང་ཡང་མིན་མོད། སྒེར་གཅོད་པ་ཞིག་ལ་མཚོན་ན་དེ་དག་ནི་ཁོངས་ནས་འཁྲུག་བྱེད་ཀྱི་ཉེ་རྒྱུ་ཞིག་ཏུ་གྱུར་ཡོད་པ་རེད་ལ། བྱ་བ་གང་ཞིག་བསྒྲུབས་ཀྱང་རང་འགན་རང་འཁུར་དང་། ཕྱི་གསལ་ནང་གསལ། བདེན་པ་བདེན་དྲང་ཞིག་ཨེ་འཁྱོང་ལྟ་རྒྱུ་ནི་བདག་གི་མི་ཚེ་འདིའི་དམ་བཅའ་དང་པོ་དེ་ཡིན་སྐོར་སོགས་བརྗོད་ཡོད་པ་རེད།
རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་ནི་སྤྱི་ལོ་༡༩༨༠ལོར་མདོ་སྨད་མགོ་ལོག་པདྨ་རྫོང་སྡེ་མཐའ་གྲོང་ཚོ་རུ་སྐྱེས་ཤིང་། ལོ་ན་བཅུ་གཅིག་ལ་སོན་སྐབས་གསེར་རྟ་བླ་རུང་སྒར་དུ་ཆོས་སྒོར་ཞུགས་ཏེ་སློབ་གཉེར་གནང་ཡོད། ཁོང་དགུང་ལོ་༢༨སོན་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་གདན་ས་འབྲས་སྤུངས་དང་སེ་ར་གཉིས་སུ་ནང་ཆོས་ཀྱི་གཞུང་ཆེན་མོར་སློབ་གཉེར་གནང་འདུག་པ་དང་། རྗེས་སུ་ཁོང་གིས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་སྒེར་གྱི་རིག་གནས་སློབ་ཁྲིད་དང་འཆད་ཁྲིད་བྱེད་ས་ཞིག་གཉེར་བཞིན་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་སོགས་སློབ་ཁྲིད་གནང་ཡོད་པ་རེད། 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎