དོན་གྲུབ་བཙོན་འགྲོལ་ཐོབ་འདུག
2013.05.23

༄༅། །དེ་ཡང་ང་ཚོ་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། ༢༠༡༢ལོའི་གསུམ་བཅུའི་དུས་དྲན་རྗེས་ནས་མདོ་སྨད་མཚོ་སྔོན་འབའ་རྫོང་གི་བོད་དོན་ཞི་རྒོལ་སྐབས་འཛིན་བཟུང་གིས་མི་ལོ་གཅིག་དང་ཟླ་གཉིས་རིང་དུས་བཀག་ཁྲིམས་ཐག་བཅད་པའི་དོན་གྲུབ་ལགས་ཉིན་ཤས་གོང་བཙོན་འགྲོལ་བཏང་ནས་ཟླ་འདིའི་ཕྱི་ཚེས་༢༠ཉིན་དངོས་སུ་ཁོང་གི་ཕ་ཡུལ་ལ་འབྱོར་ཡོད་པ་དང་། སྐབས་དེར་ས་གནས་བོད་མི་མང་པོས་གཞུང་ལམ་གཡས་གཡོན་ནས་ཁོང་ལ་ཕེབས་སྒུག་བྱས་པ་དང་། སྐེ་ལ་འཐམ་ནས་ངུ་འབོད་བྱེད་པ། རྟེན་འབྲེལ་དང་ཁམས་འདྲིའི་མཇལ་དར་ཕུལ་བ་སོགས་བྱས་འདུག དེ་བཞིན་ནང་མི་ཉེ་འབྲེལ་ཚོས་ཁོང་རང་ཁྱིམ་དུ་བདེ་བོར་འབྱོར་བར་གསོལ་སྟོན་སྟབས་བདེ་ཞིག་གྲ་སྒྲིག་བྱས་བའི་ཐོག་ཉེ་འཁོར་གྱི་བོད་མི་མང་པོ་ཡོང་ནས་ཁོང་ལ་མཇལ་དར་ཕུལ་བ་དང་། མཚམས་འདྲི་བྱས་བར་ཁོང་གིས་བཙོན་ཁང་གི་དངོས་ཡོད་གནས་ཚུལ་གྱི་བརྒྱུད་རིམ་སོགས་ངོ་སྤྲོད་གཏམ་བཤད་གནང་ཡོད་འདུག
ཁོང་ནི་༢༠༡༢ལོའི་ཟླ་༣ཚེས་༡༤དང་༡༥ཉིན་མདོ་སྨད་འབའ་རྫོང་གི་འབའ་ཤིང་ཁྲི་དགོན་པགཙོས་དགོན་ཁག་འགའི་དགེ་འདུན་པས་སྣེ་ཁྲིད་འོག བོད་མི་ཚོས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་ལ་ཞི་རྒོལ་བྱས་ཏེ་ཐུན་ཏེ་རྫོང་ཐོག་ཏུ་ཕྱིན་ནས་རྫོང་གི་སྲང་ལམ་གོང་འོག་གཉིས་དང་ས་གནས་སྲིད་གཞུང་གི་སྒོ་ཁ་བཅས་སུ་སྐད་འབོད་དང་རྔམ་སྟོན་ཁྲོམ་བསྐོར་ཤུགས་ཆེར་བྱས་སྐབས། རྒྱ་གཞུང་ཉེན་རྟོག་པ་དང་དམག་མིས་བོད་མི་སེར་སྐྱ་མང་པོ་འཛིན་བཟུང་དང་། མང་ཚོགས་ཁྲོད་འགད་རྫས་གཡུག་ནས་རྒྱ་རིགས་ཐར་ཟླ་ཤས་རྗེས་གྲོངས་བ་དང་། གང་བྱུང་གཅར་རྡུང་བྱས་ཏེ་བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་སྐབས་དགོན་གོང་མའི་དཔའ་མཆོག་དཔོན་སྐོར་དང་པོ་སྡེ་བ་ནས་ཡིན་པའི་དོན་གྲུབ་ལགས་དང་། རྡུང་ལེན་པ་རྡོ་རྗེ་ཚེ་བྷེ། དཔའ་ཐར་རྒྱལ་བཅས་འཛིན་བཟུང་བྱས་བ་དང་། ཚེ་བྷེ་དང་དཔའ་ཐར་རྒྱལ་གཉིས་ཟླ་ཤས་རྗེས་གློད་བཀྲོལ་བཏང་ཡོད་པ་རེད། །