དོན་གྲུབ་དབང་ཆེན་ལགས་སུ་བྱ་དགའ།
2012.09.14
༄༅། ། དོན་གྲུབ་དབང་ཆེན་ལགས་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོས་པའི་རྐྱེན་གྱིས་ལོ་དྲུག་གི་བཙོན་འཇུག་ཉེས་ཆད་མྱོང་བཞིན་ཡོད་པར་བརྟེན། རྒྱལ་སྤྱིའི་གསར་འགོད་རང་དབང་ཚོགས་པས། འདི་ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་བྱ་དགའ་སྤྲོད་ཡུལ་གསར་འགོད་པ་ལྔ་བདམས་ཡོད་པའི་ནང་དུ་དོན་གྲུབ་དབང་ཆེན་ལགས་ཡོད་ཅིང༌། ཁོང་ཚོས་བྱ་དགའ་སྤྲོད་ཡུལ་གསར་འགོད་པ་ལྔ་པོ་དེ་དག་གིས། རང་ཉིད་ཀྱི་ཚེ་སྲོག་ལ་ཉེན་ཁ་ཡོད་བཞིན་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་ཁ་གཏད་གདོང་ལེན་བྱས་པར་ངོས་འཛིན་གནང་སྟེ་བྱ་དགའ་དེ་སྤྲོད་རྒྱུའི་ཐག་གཅོད་གནང་ཡོད་པ་རེད། གསར་འགོད་པ་གཞན་བཞི་པོ་ནི། Brazil དང༌། Africa, Liberia, Kyergyzstan བཅས་ནས་རེད་འདུག
དོན་གྲུབ་དབང་ཆེན་ལགས་ཀྱིས་༢༠༠༨ ལོར་རྒྱ་ནག་ཏུ་རྒྱལ་སྤྱིའི་Olympic རྩེད་འགྲན་མ་ཚུགས་པའི་གོང་དེར་བོད་ནང་གི་བོད་མི་ཁག་ཅིག་ལ་བོད་ནང་གི་ཆབ་སྲིད་དང་ཤེས་ཡོན་སོགས་ཀྱི་གནས་སྟངས་བསམ་ཚུལ་སྐད་ཆ་དྲིས་པ་བརྙན་འཕྲིན་དཔར་ལེན་གནང་སྟེ། བརྙན་འཕྲིན་བཟོས་པ་དེའི་མིང་ལ་འཇིགས་བྲལ་ཞེས་འབོད་པ་དང༌། ཁོང་གིས་བརྙན་འཕྲིན་དེ་ཕྱི་ཕྱོགས་སུ་བཏང་ཐུབ་ཡོད་ཀྱང་ཁོང་ཕྱི་ལོ་༢༠༠༨ ཟླ་༣ཚེས་༢༦ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ལྟ་བཙོན་དུ་ཡོད་པ་རེད།།