སྔོན་འགྲོའི་ཆ་རྐྱེན་མེད་པར་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས།


2015.07.10
ཨ་མི་རི་ཀའི་གྲོས་ཚོཊ་ནང་བོད་ཀྱི་གནད་དོན་གླེང་བཞིན་པ། ༢༠༡༥།༧།༨ ཨ་མི་རི་ཀའི་གྲོས་ཚོཊ་ནང་བོད་ཀྱི་གནད་དོན་གླེང་བཞིན་པ། ༢༠༡༥།༧།༨
དྲ་བཤུས

ཨ་མི་རི་ཀའི་གྲོས་ཚོཊ་གོང་འོག་ནང་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་དངོས་འབྲེལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་གྲོས་ཆོད་བཞག་འདུག    
དེ་ཡང་ཕྱི་ཟླ་༧་པའི་ཚེས་༨་ཉིན་དེ་སྔ་ཕྱི་ཟླ་༦ཚེས་༢༤ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་། བོད་མིའི་དཀའ་སྡུག་གླེང་སློང་དང་། བོད་དོན་གྲོས་མོལ་ཐོག་ནས་ཐག་གཅོད་འབྱུང་ཐབས་སུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་རྒྱ་འབྲེལ་མོལ་སྐྱར་གསོ་དགོས་པའི་གྲོས་གཞི་གྲོས་འཆར་བཏོན་པ་དེར་གྲོས་ཚོགས་འོག་མའི་འཐུས་མི་གྲངས་༢༩ཡིས་རྒྱབ་སྐྱོར་གནང་འདུག ཚེས་༨་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་དུས་ཡུན་སྐར་མ་བཞི་བཅུ་ཙམ་རིང་འབྲེལ་ཡོད་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གཏམ་བཤད་གནང་རྗེས་གྲོས་ཆོད་བཞག་གནང་མཛད་ཡོད་པ་རེད། ལྷག་པར་དུ་གྲོས་གཞི་གྲོས་འཆར་དེར་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་། དེང་གི་གྲོས་ཚོགས་ནང་གྲངས་ཉུང་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ལྕམ་Nancy Pelosiམཆོག་གིས་རྒྱབ་སྐྱོར་གཏམ་བཤད་ཤུགས་དྲག་གནང་ཡོད་པ་རེད།
གྲོས་གཞི་གྲོས་འཆར་བཏོན་དགོས་པའི་དགོས་དམིགས་དོན་ཚན་རྣམ་གྲངས་ཉི་ཤུ་བཀོད་གནང་ཡོད་པ་དང་། མཐའ་དོན་གྲོས་ཆོད་འཇོག་གནང་མཛད་པའི་ནང་། དོན་ཚན་བཅུ་ཡོད་པ་ནས་གལ་ཆེ་ཁག་ཅིག་ཟུར་འདོན་སྙན་སྒྲོན་ཞུ་རྒྱུར་གྲོས་ཆོད་དང་པོ་ནི།
༡) ཕྱི་ལོ་ ༢༠༠༢ ལོའི་བོད་དོན་གཏན་འབེབས་ཀྱི་སྲིད་བྱུས་དོན་ཚན་ ༦༡༣(ཀ)དང་། ༦༢༡ (ག) དགོངས་དོན་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་དང་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དབར་དངོས་འབྲེལ་གྲོས་མོལ་མཛད་ཆེད་སྐུལ་མ་ཤུགས་དྲག་གནང་དགོས་རྒྱུ་ཞེས་འཁོད་ཡོད་པ་དང་། དོན་ཚན་གསུམ་པ་ཨ་རི་གཞུང་ལ་ཨ་རིའི་གྲོས་ཚོགས་ཀྱི་ནནསྐུལ་ཞུ་རྒྱུར་ཞེས་པའི་ནང་གསེས་ཀ་པའི་ནང་།
(ཀ) ཨ་མེ་རི་ཁ་དང་རྒྱ་ནག་གཉིས་ཀྱི་ཆེས་མཐོའི་གཞུང་གི་མི་སྣ་ཡུལ་གཉིས་ཀྱི་འཐབ་བྱུས་དང་དཔལ་འབྱོར་སོགས་ཀྱི་ཞུགས་མོལ་ལྷན་ཚོགས་ནམ་བྱུང་སྐབས་ཨ་རི་གཞུང་གིས་དུས་རྟག་ཏུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད། ཆོས་དད་ཀྱི་རང་དབང་སྐོར་རྒྱ་ནག་འགོ་ཁྲིད་དང་ལྷན་གླེང་སློང་ངེས་པར་དུ་གནང་དགོས་པ་དང་།
༤)ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་གནང་ཕྱོགས་ཐད་ཐེ་བྱུས་བྱས་པ་ཡིན་ན། རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་དང་འགལ་བ་དང་། ནང་པའི་བསྟན་པ་རྒྱ་ནག་ནང་ཡུན་རིང་དར་ཡོད་པ་དང༌། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་གཅོད་གནང་སྟངས་ཀྱི་སྲོལ་རྒྱུན་དེར་འཛམ་གླིང་ཁྱོན་དུ་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་ཚོས་དེར་དོ་སྣང་ཧ་ཅང་གནང་བཞིན་ཡོད་པ་གསལ་སྟོན་གནང་དགོས་པ་ཞེས་འཁོད་ཡོད་པ་དང༌།
༧)ཨ་རིའི་སྲིད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྲིད་གཞུང་ཁག་དང་། ཚོགས་སྐྱིད་ཁག དེ་བཞིན་སྒྲིག་འཛུགས་ཁག་བཅས་ཀྱིས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྒྱུན་འཛིན་འབྱུང་ཐབས་སུ་ཤུགས་གནོན་གནང་དགོས་པ་ཞེས་དང་།
༩) ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་དཀའ་རྙོག་སེལ་ཆེད་གྲོས་མོལ་མཛད་འདུན་ཡོད་སྐོར་གསལ་བཤད་གནང་སྟེ། ཁོང་ངམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པའི་རེ་འདུན་འདོན་དགོས་ཞེས་འཁོད་པ་བཅས་དོན་ཚན་བཅུ་ནས་འགའ་ཞིག་ཟུར་འདོན་ཞུས་ཏེ་སྙན་སྒྲོན་ཞུས་པ་ཡིན།
གོང་གི་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀས་གྲོས་ཆོད་དང་མཉམ་ཨ་རིའི་སྤྱི་མཐུན་ཚོགས་པ་དང་། མང་གཙོ་ཚོགས་པའི་འཐུས་མི་རྣམས་མཉམ་རུབ་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་དགུང་གྲངས་༨༠བཞེས་པའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་གནང་ཡོད་པ་རེད།    མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སི་པེ་ལོ་སི་ཡིས་གསུང་པར་༧གོང་ས་མཆོག་གི་མཛད་བཟང་ལ་བསྔགས་བརྗོད་ཞུས་གནང་བ་དང་སྦྲགས་གསུང་དོན། དད་ལྡན་མི་མང་ཁྲི་སྟོང་མང་པོས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ནང་ཞི་བདེ་ཡོང་ཆེད་འབད་བརྩོན་དང་སློབ་སྟོན་གནང་མཁན་མཁྱེན་བརྩེའི་ཤེས་རབ་ཀྱི་ནུས་སྟོབས་ལྡན་པའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡིན་ཡིན་པའི་སྐོར་དང་། དེ་བཞིན་འཛམ་གླིང་འདི་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་རྒྱུར་ནུས་ཤུགས་ཆེན་པོ་འདོན་མཁན་གྱི་སྐུ་ཚབ་ཅིག་ཀྱང་ཆགས་ཡོད་སྐོར་གསུང་ཡོད་པ་རེད་ཅེས་དང། དེར་བརྟེན་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་བོད་མི་མང་གི་ཐོབ་ཐང་བཅས་པར་སྲུང་སྐྱོབ་དང་ཆབ་སྲིད་ཀྱི་བཙོན་པ་རྣམས་གུ་ཡང་གློད་བཀྲོལ་གཏོང་དགོས་པའི་སྐོར་སོགས་གསུང་ཡོད་པ་རེད།    
དེ་བཞིན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་རའོ་ཨི་བྷ་ཁ་( Rohrabacher)ཡིས། བོད་ཀྱི་གནད་དོན་ཐད་ཨ་མི་རི་ཁས་རྒྱབ་སྐྱོར་གནང་དགོས་པའི་སྐོར་དང་བོད་ནང་བདེ་འཇགས་སུ་གནས་རྒྱུ་དེ་གལ་ཆེ་ཡིན་ལུགས་བཀའ་གནང་ཡོད་པ་རེད། བོད་ནང་མི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་བོད་ལ་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཡོད། དེ་བཞིན་ཨ་རིའི་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་དོན་གཅོད་ལས་ཁང་གསར་འཛུགས་བྱས་ཏེ། བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་འཕེལ་རྒྱས་སོགས་ལ་ལྟ་ཞིབ་དང་། ཨ་རིའི་མི་སེར་ལ་དོན་གཅོད་ཀྱིས་སྲུང་སྐྱོབ་དང་ཞབས་ཞུ་བསྒྲུབ་རྒྱུ་སོིགས་ཀྱི་སྐོར་ཡང་འགྲེལ་བརྗོད་གནང་ཡོད་པ་རེད།

གསར་འགོད་པ་ཚེ་བརྟན་རྣམ་རྒྱལ་དང་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎