བཀའ་ཤག་གི་ཐག་གཅོད་ལ་སྤྱི་ཚོགས་ནང་གླེང་སློང་འདྲ་མིན་ཡོང་བཞིན་འདུག
2017.11.17
བཀའ་ཤག་གིས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་གནས་དབྱུང་བཏང་བར་བོད་མིའི་སྤྱི་ཚོགས་ནང་ཚོར་ཤུགས་ཆེན་པོས་གླེང་སློང་འདྲ་མིན་ཡོང་བཞིན་འདུག
ཉེ་སྔོན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ལས་གནས་ནས་གནས་དབྱུང་བཏང་བའི་གནས་ཚུལ་ཐོན་པའི་རྗེས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། བཀའ་ཤག་གིས་གནད་དོན་དེའི་ཐད་ད་བར་གསལ་བཤད་གསལ་པོ་ཞིག་རྩ་བ་ནས་མ་གནང་བར་སྤྱི་ཚོགས་ནང་འདོད་པ་མ་ཁེངས་པའི་ཚོར་སྣང་ཞིག་ཡོང་མུས་ཡིན་པ་མ་ཟད། བོད་མི་ཁག་ཅིག་གིས་སྲིད་སྐྱོང་བློ་བཟང་སེང་གེ་ཕེབས་སའི་མང་ཚོགས་ཀྱི་འདུ་འཛོམས་ཁག་ལ་ངོ་རྒོལ་ཆེད་མཉམ་ཞུགས་གནང་རྒྱུ་མིན་སྐོར་གསུང་མཁན་ཡང་ཡོད་སྐོར་ཕ་ཡུལ་དྲ་རྒྱའི་ནང་གནས་ཚུལ་བཀོད་སྤེལ་གནང་འདུག
བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ལས་གནས་ནས་གནས་དབྱུང་བཏང་བའི་གནས་ཚུལ་སྐོར་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་བཞུགས་པའི་བོད་རིགས་མི་ལ་རང་བཙན་ཞུ་བས། བཀའ་ཤག་ནས་སྤེན་པ་ཚེ་རིང་ལགས་ཀྱི་གནད་དོན་དེར་མང་ཚོགས་ལ་གསལ་བཤད་འཐིལ་ཕྱིན་ཞིག་མ་བྱུང་བར་རྡ་ས་གངས་ཅན་སྐྱིད་གཤོང་གི་བཀའ་ཤག་ལས་ཁུངས་མདུན་མི་མང་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་རྩོམ་ཡིག་སྤེལ་བར་རྡ་ས་ས་གནས་བདེ་དོན་ལས་ཁུངས་ཀྱིས་དེ་ལྟར་མི་གནང་བའི་འབོད་བསྐུལ་གྱི་གསལ་བསྒྲགས་ཤིག་ཀྱང་སྤེལ་གནང་ཡོད་འདུག
དཀའ་རྙོག་ཅན་གྱི་གནས་ཚུལ་འདིར་བཙན་བྱོལ་ནང་གི་བོད་མི་མང་དག་གཅིག་གིས་ངོ་དེབ་དང་། སྐད་འཕྲིན་སོགས་སྤྱི་ཚོགས་དྲ་ལམ་དང་གླེང་སྟེགས་ཁག་ནང་གླེང་སློང་མང་དག་བྱེད་བཞིན་ཡོད་པ་དཔེར་ན། ཚེ་རིང་ཆོས་འཕེལ་ཟེར་བ་ཞིག་གིས་རང་གི་ངོ་དེབ་ནང་། ངོས་རང་སྒེར་གྱིས་བསམ་པར་མང་གཙོའི་སྐེས་འཛེགས་ནང་ཕྱི་གསལ་ནང་གསལ་ནི་སྐེས་འཛེགས་ཀྱི་རིམ་པ་དང་པོ་དེ་ཡིན་པ་རེད། དེང་སང་གི་དུས་སྐབས་འདིར་ང་ཚོས་
མི་སྒེར་དང་ཚོགས་པ་སུ་རུང་རྟག་དཔྱད་མ་བྱས་པར་ཡིད་ཆེས་བྱེད་ཐབས་རྩ་བ་ནས་ཡོད་པ་མ་རེད། གནད་དོན་འདི་མི་མང་གི་ཡིད་ཆེས་ཀྱི་གནད་དོན་ཞིག་ཆགས་ཡོད། གནད་དོན་འདི་གསལ་པོ་མ་བཟོས་པ་ཡིན་ན་མི་མང་རྣམས་སྲིད་དོན་ལ་ཡིད་ཆེས་དང་དོ་སྣང་མེད་པ་ཆགས་ཀྱི་ཅེས་གསུངས་འདུག
ཡང་མི་ཁག་གཅིག་གིས། རིང་མིན་ཕྱི་ཟླ་ ༡༢ ་པའི་ཚེས་ ༡༠ ་ཉིན་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་མི་མང་འདུ་འཛོམས་ཀྱིས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་རྒྱུར་དེར་སྲིད་སྐྱོང་བློ་བཟང་སེང་གེ་ཕེབས་ཀྱི་ཡོད་པར་ངོ་རྒོལ་ཆེད་མཉམ་ཞུགས་མི་གནང་བའི་འབོད་སྐུལ་གནང་མཁན་ཡང་ཡོད་པའི་གནས་ཚུལ་འདུག
གསར་འགོད་པ་ལྷུན་གྲུབ།