བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་སོགས་ལ་མཇལ་འཕྲད་བཀའ་མོལ་གནང་གི་ཡོད་པ།

2023.07.10
བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་སོགས་ལ་མཇལ་འཕྲད་བཀའ་མོལ་གནང་གི་ཡོད་པ། བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་མཇལ་འཕྲད་གནང་བཞིན་པའི་སྐབས། ༢༠༢༣།༠༧།༡༠ ཉིན།
ཉི་ཧོང་སྐུ་ཚབ་དོན་གཅོད།

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས། སྤྱི་ཟླ་༧པའི་ཚེས་༡༠ཉིན་ཉི་ཧོང་གི་རྒྱལ་ས་ཊོ་ཀེའོ་ནང་འབྱོར་ཏེ་བདུན་ཕྲག་གཅིག་རིང་ཉི་ཧོང་ནང་གནས་བཞུགས་ཀྱིས། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་སོགས་ལ་མཇལ་མོལ་འཚམས་འདྲི་དང་། མཐོ་སློབ་སློབ་ཕྲུག་དང་གསར་འགོད་པ་ཚོར་མཇལ་འཕྲད་ཀྱིས་བོད་དང་རྒྱ་ནག་གི་གནས་སྟངས་དང་། ཉི་ཧོང་གཞུང་ནས་བོད་ལ་རྒྱབ་རོགས་ཀྱི་རེ་བ་སོགས་གསུང་བཤད་གོ་སྒྲིག་གནང་ཡོད་པ་བཅས། ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

WhatsApp Image 2023-07-10 at 3.06.38 PM.jpeg

གཞན་ཡང་བོད་དང་སོག་པོའི་ཆོས་སྲིད་ཀྱི་འབྲེལ་བའི་སྐོར་ལ་བགྲོ་གླེང་ཚར་གཅིག་རྒྱ་གར་དུ་བྱས་ཟིན་ཡོད་པ་བཞིན། ད་ལན་སོག་པོ་ཚོས་གོ་སྒྲིག་གིས་ཉི་ཧོང་དུ་བོད་སོག་འབྲེལ་བའི་སྐོར་དང་། ལྷག་པར་སྤྱི་ལོ་༡༩༡༣ལོར་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་དར་དུ། བོད་སོག་ཆིངས་ཡིག་བཞག་སྟེ་ལོ་བརྒྱ་དང་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་མཚོན་པར་བགྲོ་གླེང་གོ་སྒྲིག་ཞུས་པའི་ཐོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་གསུང་བཤད་གནང་གཏན་ཁེལ་བ་སོགས་ཀྱང་། ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་དེ་རིང་སྤྱི་ཚེས་༡༠ཉིན་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཁག་བཅོ་ལྔ་ཡོད་པའི་མི་གང་ཁོམ་པ་རྣམས་དོན་གཅོད་ལས་ཁུངས་སུ་འཛོམས་པ་ཚོར་མཇལ་འཕྲད་ཀྱིས། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་སོགས་འགྲེལ་བརྗོད་བསྐྱོན་པར། ཁོང་ཚོས་བོད་དོན་ཐོག་ཚང་མས་འཚེ་མེད་ཞི་བ་དང་དབུ་མའི་ལམ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པར་གསུངས་པ། ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

WhatsApp Image 2023-07-10 at 3.06.38 PM (2).jpeg

ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི། འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཚོགས་འཐུས་མི་ཚོགས་མི་མང་ཤོས་དེ་ཆགས་ཡོད་པ་མ་ཟད། དེ་སྔ་བོད་དོན་རྒྱབ་སྐྱོར་བ་ཚོགས་པ་ཁག་བཅུ་ཡོད་པ་ད་ཆ་ཚོགས་པ་བཅོ་ལྔ་ལ་འཕར་ཡོད་པ་ཚོས། འདི་ལོ་སྤྱི་ཟླ་༢པའི་ནང་ཚོགས་འདུ་གནང་སྟེ་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་། རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་ཕྲུག་ཚོར་སློབ་གྲྭའི་ནང་ཆབ་སྲིད་སློབ་གསོ་མཚམས་འཇོག་དགོས་པ། རྒྱ་ནག་གི་ཁྲིམས་ཐོག་འཁོད་པ་བཞིན་བོད་མི་ཚོར་སྐད་ཡིག་རང་དབང་དགོས་པ་དང་། རྒྱ་ནག་གིས་བོད་ཀྱི་ཆོས་ཕྱོགས་ཀྱི་གནང་སྒོ་སྤྱི་དང་བྱེ་བྲག་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་བྱས་མི་ཆོག་པ། ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སུས་ཀྱང་རྒྱ་ནག་གིས་བདམས་པའི་བླ་སྤྲུལ་དང་། རྒྱ་ནག་གཞུང་གིས་ངོས་འཛིན་གྱི་༧རྒྱལ་བའི་ཡང་སྲིད་ལ་ངོ་རྒོལ་བྱེད་པ་ལས་ངོས་ལེན་མི་བྱེད་པ་སོགས་འཁོད་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎