བལ་ཡུལ་གཞུང་ལ་བུ་ཚབ་སྤྲོད་ལེན་གནང་ཕྱོགས་ཐད་ནན་སྐུལ།
2010.02.24
༄༅༎རྒྱལ་ཁབ་གཞན་པའི་མི་མང་གིས་བལ་ཡུལ་ནས་ཕྲུ་གུ་བུ་ཚབ་ཏུ་ལེན་རྒྱུའི་ཐད་བལ་ཡུལ་གཞུང་གིས་རྒྱལ་སྤྱིའི་འགྲོ་ལུགས་དང་མཐུན་པའི་ཐོག་ནས་སྒྲིགས་གཞི་དམ་ཙམ་དང་དོ་ནན་ཙམ་གནང་དགོས་སྐོར་བལ་ཡུལ་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཚོས་བལ་ཡུལ་གཞུང་ལ་ནན་བསྐུལ་ཞུས་གནང་བཞག། དེ་ཡང་བལ་ཡུལ་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཀྱིས་སྤྱིར་བསྒྲགས་ཤིག་སྤེལ་བའི་ནང་ ཕྱི་རྒྱལ་གཞུང་ཚབ་བཅུ་བཞིས་བལ་ཡུལ་གཞུང་ལ་ཕྱི་ལོ་༡༩༩༣ལོར་གྲོང་ཁྱེར་ཧེག་ནང་བཞག་པའི་རྒྱལ་སྤྱིའི་བུ་ཚབ་ལེན་ཕྱོགས་ཀྱི་གྲོས་མཐུན་ལ་རྩ་འཛིན་གནང་བའི་ཐོག་ནས་བུ་ཚབ་སྤྲོད་ལེན་གྱི་ཡིག་ཆ་ཁ་གསལ་དང་ཕ་མའི་མོས་མཐུན་ཁ་གསལ་ཡོད་པ་ལྷག་པར་དུ་ཕྲུ་གུའི་བདེ་དོན་གཙོ་བོར་བཟུང་བའི་ཐོག་ནས་ཕྱག་ལེན་གནང་དགོས་པའི་འབོད་བསྐུལ་ཞུས་ཡོད་ལུགས་གསུངས་བཞག།
དེ་ནི་ཨ་མི་རི་ཀའི་བཟའ་མི་གཉིས་ཀྱིས་བལ་ཡུལ་གྱི་བོུ་ཞིག་བུ་ཚབ་ཏུ་ལེན་རྩིས་བྱེད་པའི་སྐབས་དེར་བོུ་དེའི་ཕ་མ་བསོན་པར་གནས་ཡོད་པ་དང་ཕ་མས་བུ་མོས་འཚོལ་བཞིན་པའི་གནས་ཚུལ་བྱུང་བའི་རྗེས་སུ་ཨ་མི་རི་ཀ་གཙོས་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཚོས་བལ་ཡུལ་གཞུང་ལ་བུ་ཚབ་སྤྲོད་ལེན་གནང་ཕྱོགས་ཐད་ཟབ་ཟབ་གནང་དགོས་པའི་འབོད་སྐུལ་ཞུས་པ་ཞིག་ཡིན་འདུག་། བལ་ཡུལ་ནང་བུ་ཚབ་སྤྲོད་ལེན་གྱི་ཡིག་ཆ་ཡང་ནས་ཡང་དུ་རྫུན་མ་བཟོ་གི་ཡོད་པ་དང་ ཕ་མས་ཤེས་རྟོགས་མེད་པའི་ཐོག་ནས་ཡང་ནས་ཡང་དུ་ཕྲུ་གུ་གཞན་གྱི་བུ་ཚབ་ཏུ་འཁྱེར་འགྲོ་གི་ཡོད་པ་རེད། གནས་ཚུལ་དེ་རིགས་མ་ཡོང་བའི་ཆེད་དུ་ཕྱི་ལོ་༢༠༠༨ལོར་བལ་ཡུལ་གཞུང་གིས་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་གནང་ཡོད་པ་རེད།