འབྲས་སྤུངས་དགེ་འདུན་པ་ཁག་ཨ་རིར་སྐོར་བསྐྱོད་གནང་བ།
2009.01.31
༄༅༎ཨ་མི་རི་ཀའི་ཤར་ཕྱོགས་མངའ་སྡེ་ཀ་ནེ་ཀྲི་ཀེ་ཏའི་གྲོང་ཁྱེར་ལྦིལ་ཀྲེན་ཟེར་བའི་ནང་ལྦིལ་ཀྲེན་ཁུ་ལྦེ་ཀར་མི་ཀྲིང་ཞེས་པའི་ཁུལ་དེའི་ཡེ་ཤུའི་ཆོས་ཚོགས་ཤིག་གིས་མགྲོན་འབོད་གནང་ཐོག་འབྲས་སྤུངས་གོ་མང་གྲྭ་ཚང་གི་སྐུ་ཞབས་རྣམ་པ་ཚོས་ཡེ་ཤུའི་ཆོས་ཚོགས་དེའི་ཚོགས་ཁང་ནང་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་བཞེངས་གནང་བཞིན་པ་རེད། རྒྱ་གར་ལྷོ་ཕྱོགས་མོན་གོ་ཌེ་འདོད་རྒུ་གླིང་གི་བོད་མིའི་གཞིས་སྒར་ནང་རྟེན་གཞི་བྱས་པའི་འབྲས་སྤུངས་གོ་མང་གྲྭ་ཚང་གི་དགེ་འདུན་པ་འགའ་ཞིག་གིས་དེང་སང་ཨ་མི་རི་ཀའི་ཁུལ་ལ་ནང་ཆོས་ཀྱི་སྙིང་པོ་བྱམས་བརྩེ་དང་ཤེས་རབ་སོགས་ཀྱི་སྐོར་ནང་ཆོས་ཐོག་ལ་དོ་དབྱིངས་ལྡན་པའི་ཨ་མི་རི་ཀ་བ་ཚོར་གསུང་ཆོས་བསྩལ་བ་དང་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་བཞེངས་སྒྲུབ་གནང་བའི་ཐོག་ནས་བོད་མིའི་རྣམ་དཔྱོད་དང་སྒྱུ་རྩལ་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གཞུང་འགྲེམས་སྟོན་གནང་བཞིན་པ་ཡིན་པ་རེད། དེ་དང་ཆབས་ཅིག་བཙན་བྱོལ་གྱི་ཁོར་ཡུག་ནང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གཅེས་འཛིན་གནང་ཐབས་དང་དམིགས་སུ་བཀར་ནས་རྒྱ་ནག་གི་བཙན་དབང་འོག་ནས་རང་དབང་འཐོབ་ཐབས་དང་ནང་ཆོས་སློབ་གཉེར་བྱ་རྒྱུའི་འདུན་པ་གྲུབ་པའི་དོན་དུ་བཙན་བྱོལ་དུ་ཡོང་མཁན་ཚོར་ཟས་གོས་གནས་མལ་དང་ཤེས་ཡོན་གྱི་མཐུན་རྐྱེན་སྦྱོར་ཕྱིར་དཔལ་འབྱོར་བསྡུ་རུབ་སོགས་གནང་བཞིན་པ་ཡིན་པ་རེད༎