འབྲི་ཆུ་དང་དངུལ་ཆུ་འདྲེས་མཚམས་ཀྱི་བ་ལྕེ་གྲོང་ལ་དཀའ་ངལ་འཕྲད་བཞིན་འདུག
2018.11.13
འབྲི་ཆུའི་འགག་བཤང་ཐུབ་ཡོད་ཀྱང་དཔལ་ཡུལ་དངུལ་ཆུ་དང་འདྲེས་འཚམས་སུ་ཆུ་འཁྱིལ་བས་བ་ལྕེ་གྲོང་པ་དང་སློབ་གྲྭར་དཀའ་ངལ་འཕྲད་ཡོད་འདུག
དེ་ཡང་ཐེངས་འདིར་རི་ཉིལ་ས་རུད་ཀྱིས་འབྲི་ཆུ་འགག་པའི་རྐྱེན་གྱིས་བོད་རང་སྐྱོང་ལྗོངས་ཁུལ་གྱི་ཆབ་མདོ་རྫོང་ཁུལ་གནོད་འཚེ་ཕོག་ཡོད་པ་དང་། དཔལ་འབྱོར་གྱི་གྱོང་གུན་ཡང་ཚབས་ཆེ་ཕོག་པའི་གནས་ཚུལ་བྱུང་ཞིང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་འབྲི་ཆུ་གཙང་པོ་འགག་པ་བཤང་ཐུབ་ཡོད་ཀྱང་དཔལ་ཡུལ་ས་གནས་སུ་དངུལ་ཆུ་དང་འབྲི་ཆུ་འབྲེལ་མཚམས་སུ་ཆུ་འགག་ནས་གཙང་པོ་དེ་གཉིས་འབྲེལ་མཚམས་བ་ལྕེ་གྲོང་པའི་ཁུལ་གྱི་སློབ་གྲྭ་སོགས་ཀྱི་ནང་ཆུ་སླེབས་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ལུགས་བོད་ནས་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་བྱས་ཡོད་པ་རེད།
ཡང་བོད་ནས་བོད་མི་གཞན་ཞིག་གིས། བོད་ནང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་དང་། ས་རྐོ་རྡོ་སློག་ཤུགས་ཆེ་བྱས་པའི་རྐྱེན་གྱིས་འབྱུང་བ་འཁྲུག་ནས་གནོད་པ་བྱུང་བ་རེད་ཟེར་ནས་མང་ཚོགས་ནང་གླེང་སློང་མང་པོ་ཞིག་ཡོང་བཞིན་ཡོད་པ་བརྗོད་འདུག་ལ། ཡང་བོད་མི་དེས་རྒྱ་མིས་བོད་ནང་གི་རྨ་ཆུ་ཁུལ་གཏེར་ཁ་བསྔོག་འདོན་བྱ་ཆེད་འཕྲུལ་ཆས་མང་པོ་འཁྱེར་ནས་ཁོར་ཡུག་ལ་གནོད་པ་ཚབས་ཆེ་བཟོ་གི་ཡོད་ན་ཡང་། ད་ལྟ་འབྲི་ཆུ་འགག་ནས་མང་ཚོགས་ཀྱི་སྡོད་ཁང་དང་། སློབ་གྲྭ། དགོན་པ་བཅས་ལ་གནོད་སྐྱོན་ཆེན་པོ་འབྱུང་བཞིན་པའི་སྐབས།རྒྱ་ནག་གཞུང་གིས་ས་རྐོའི་འཕྲུལ་ཆས་ཉི་ཤུ་ཙམ་མ་གཏོགས་མ་བཏང་པར་འབྲི་ཆུ་ཤར་གཏོང་མ་ཐུབ་པར་དུས་ཡུན་རིང་པོ་འགོར་བ་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་རེད། སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་བཞིན་པའི་བརྙན་པར་ཁག་གི་ནང་སྤོ་ལུ་དགོན་པ་ཆུ་འོག་ནུབ་ནས་དགོན་པ་ཆུས་འཁེངས་པ་བཤོལ་ཐབས་དང་གཙང་བཟོ་དགེ་འདུན་པ་ཚོ་དང་ས་གནས་བོད་མིས་བྱེད་བཞིན་པ་མཐོང་རྒྱུ་ཡོད་པ་ལས། རྒྱ་ནག་གི་ཉེན་སྐྱོབ་དཔུང་དམག་སོགས་རྣམ་ཀུན་རྒྱ་ནག་གི་ས་ཁུལ་གཞན་ཡང་བྱུང་བའི་དོ་ཕོག་བྱུང་སར་དམག་མི་འབོར་ཆེ་གཏོང་སྲོལ་ཡོད་པ་དེ་རིགས་མཐོང་རྒྱུ་མིན་འདུག་ལ། རྒྱ་ནག་གཞུང་འབྲེལ་གསར་ལས་ཁང་གིས་འབྲི་ཆུའི་གཙང་པོ་འགག་ནས་མང་ཚོགས་ཉེན་གཡོལ་དུ་གནས་སྤོ་བྱས་པ་ཙམ་ལས་བརྙན་པར་སོགས་འགྲེམ་སྤེལ་བྱས་པ་ཡང་མཐོང་རྒྱུ་མེད་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།