རྨར་ཁམས་རྫོང་གིས་བོད་མིའི་དགོས་འདུན་ལ་སྣང་མེད་བཏང་བ།
2013.02.02
༄༅༎བོད་ལྗོངས་རྨར་ཁམས་རྫོང་ནང་རྒྱ་རིགས་ཤིག་གིས་སེམས་ཅན་གྱི་བཤས་ར་ཆེན་པོ་ཞིག་བརྒྱབ་པའི་རྐྱེན་གྱིས། ས་གནས་དེའི་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཟོ་བཞིན་ཡོད་པའི་སྐོར་འབྲེལ་ཡོད་མི་སྣས་ཁ་ས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་འདུག གནས་ཚུལ་ངོ་སྤྲོད་གནང་མཁན་གྱི་མི་སྣ་དེས་གསུངས་བར་གཞིགས་ན། སེམས་ཅན་གྱི་བཤས་ར་དེ་ན་ནིང་ནས་བརྒྱབ་འགོ་’འཛུགས་ཡོད་པ་དང་། སྐབས་དེ་དུས་ས་གནས་མི་མང་གིས་བཤས་ར་རྒྱག་སའི་ས་ཆ་དེ་བཙོང་རྒྱུར་འདོད་མོས་མ་བྱས་པར་དུས་ཡུན་རིང་པོ་ཞིག་ལྷག་ཡོད་ཀྱང་། རྗེས་སུ་ས་ཁུལ་དེར་ཡོད་པའི་ཁྱིམ་ཚང་ཞིག་གིས་ས་ཆ་བཙོངས་ནས། དེའི་ཐོག་ད་ལྟའི་བཤས་ར་དེ་བརྒྱབ་པ་ཞིག་ཡིན་པ་ངོ་སྤྲོད་གནང་འདུག
དེ་བཞིན་གནས་ཚུལ་ངོ་སྤྲོད་གནང་མཁན་དེས་མུ་མཐུད་གསུངས་ན། རྒྱ་མི་དེས་ས་གནས་དེའི་ནང་བཤས་ར་བརྒྱབ་པའི་རྗེས་སེམས་ཅན་བསད་པའི་ཁྲག་དང་ཛ་རེ་ཛོ་རེ་ཁག དེ་བཞིན་གད་སྙིགས་སོགས་ས་གནས་དེའི་མི་མང་གི་འཐུང་ཆུའི་ནང་དུ་རྒྱུག་ནས། ས་གནས་མི་མང་གི་བདེ་ཐང་ལ་ཡང་གནོད་ཚབས་ཆེན་པོ་བཟོ་བཞིན་པར་བརྟེན། མི་མང་ཚོས་གནད་དོན་དེའི་སྐོར་རྨར་ཁམས་རྫོང་ལ་ཞུ་གཏུག་བརྒྱབ་ཡོད་ཀྱང་། རྨར་ཁམས་རྫོང་གིས་རྒྱ་མི་བཤས་རའི་སྦྱིན་བདག་དེར་རྒྱབ་སྐྱོར་བྱས་ནས། རྒྱ་མི་དེར་བཤས་ར་རྒྱབ་མཆོག་པའི་ཁྲིམས་ལུགས་ལག་ཁྱེར་ཆ་ཚང་ཡོད་ལུགས་བཤད་ནས་མང་ཚོགས་ཀྱི་དགོས་འདུན་ལ་ལན་འདེབས་བྱས་མེད་པར་བརྟེན། ས་གནས་མི་མང་ཚོས་ངོ་རྒོལ་བྱེད་བཞིན་ཡོད་པའི་སྐོར་ངོ་སྤྲོད་གནང་འདུག།