ཡོ་རོབ་སྤྱི་མཐུན་གྱི་ཕྱི་སྲིད་སྤྱི་ཁྱབ་པ་རྒྱ་ནག་ཏུ་འཚམས་གཟིགས།
2010.08.31
༄༅༎ཡོ་རོབ་སྤྱི་མཐུན་གྱི་ཕྱི་སྲིད་ལས་དོན་སྤྱི་ཁྱབ་པ་ལྕམ་ཁེ་ཐེ་རིན་ཨེ་ཤི་ཀྲེན་མཆོག་རྒྱ་ནག་ཏུ་རེས་གཟའ་མིག་དམར་ཉིན་ཕེབས་འབྱོར་གྱིས་ཡུལ་དེའི་དཔོན་རིགས་རྣམ་པའི་ལྷན་དུ་ཚོང་འབྲེལ་དང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཨི་རན་དང་བྱང་ཀོ་རི་ཡའི་སྲུང་སྐྱོབ་ཀྱི་གནད་དོན་དང་འབྲེལ་བའི་སྐོར་སོགས་གོ་བསྡུར་གནང་རྒྱུ་ཡིན་པ་རེད་
རེས་གཟའ་ཟླ་བ་ཉིན་ལྕམ་ཨེ་ཤི་ཀྲེན་མཆོག་གིས་དེང་སྐབས་ཚོགས་བཞིན་པའི་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧའི་ནང་གི་འཛམ་གླིང་གི་འགྲེམས་སྟོན་ཆེན་པོ་དེར་གཟིགས་ཞིབ་གནང་ཡོད་ཅིང་ཁོང་གིས་རྒྱ་ནག་དང་ཡོ་རོབ་ཀྱི་ཆེས་མཐོའི་ཐབས་བྱུས་ཀྱི་བགྲོ་གླེང་ཞེས་པ་དེ་རྒྱ་ནག་གི་ལྷོ་ནུབ་གྲོང་ཁྱེར་ཀུའེ་དབྱང་ནང་ཚོགས་གནང་སྐབས་དབུ་འབྱེད་ཀྱི་ཉིན་དེར་ཕེབས་ཞུགས་གནང་རྒྱུ་ཡིན་སྐོར་ཡོ་རོབ་སྤྱི་མཐུན་གྱིས་གསུང་ཡོད་པ་རེད་
སྐབས་དེར་ཁོང་གིས་རྒྱ་ནག་གི་ཕྱི་སྲིད་ལས་དོན་ཐོག་དཔོན་རིགས་མཐོ་གྲས་ཐའེ་ཕིང་གུའ་དང་མཇལ་འཕྲད་གནང་ནས་གང་ཅིའི་གནད་དོན་ཐོག་གྲོས་མོལ་གནང་རྒྱུ་ཡིན་པ་རེད་
དེ་རྗེས་ཁོང་རེས་གཟའ་འཕུར་བུ་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་ནས་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་དང་ཕྱི་སྲིད་བློན་ཆེན་ཡང་ཇའི་ཆི་དང་མཇལ་མོལ་གནང་རྒྱུའི་འཆར་གཞི་ཡོད་པ་རེད་ ཡོ་རོབ་སྤྱི་མཐུན་དང་རྒྱ་ནག་བར་གྱི་འབྲེལ་ལམ་དེ་དམ་ཟབ་ཡོད་ཅིང་དེང་གི་ཆར་རྒྱ་ནག་ནི་ཡོ་རོབ་ཀྱི་ཚོང་འབྲེལ་བྱེད་ཡུལ་ཆེ་ཤོས་ཀྱི་ཡུལ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་ཨ་མི་རི་ཀའི་རྗེས་ཕྱོགས་ཕན་ཚུན་བར་ཚོང་འབྲེལ་ཆེ་ཤོས་ཡོད་པའི་རྒྱལ་ཁབ་གཉིས་ཆགས་ཡོད་པ་རེད་
ཡིན་ནའང་ཕྱོགས་གཉིས་ཀྱི་འབྲེལ་བ་དེར་ཚོང་འབྲེལ་ཐོག་རྩོད་གཞི་འདྲ་མིན་དང་ཡོ་རོབ་སྤྱི་མཐུན་གྱིས་རྒྱ་ནག་ནང་ཚོང་འབྲེལ་བྱེད་རྒྱུར་ཚོང་ཁྲིམས་སྤྱི་མཚུངས་མེད་པའི་སྐྱོན་བརྗོད་གནང་གི་ཡོད་པ་རེད་
དེ་བཞིན་ཕྱོགས་ཕན་ཚུན་བར་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་ཨི་རན་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་གྱི་དཀའ་རྙོག་སོགས་ཀྱི་ཐོག་དགོངས་ཕྱོགས་མི་མཐུན་པའི་གནས་ཚུལ་མང་དག་ཅིག་ཡོད་པ་རེད་