འབར་མའི་ཐོག་དཔལ་འབྱོར་དམ་བསྒྲགས་ཕྱིར་འཐེན་བྱས།
2012.04.23
༄༅༎ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་འབར་མའི་ཐོག་ད་བར་ཚོང་ལས་དང་དཔལ་འབྱོར་གྱི་དམ་བསྒྲགས་བཀག་སྡོམ་མང་པོ་ཞིག་ཡོད་པ་དེ་ཚོ་དེ་རིང་ཕྱིར་འཐེན་གནང་འདུག
ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་འབར་མའི་ཐོག་གོ་མཚོན་བཀག་སྡོམ་མ་ཡིན་པའི་དེ་མིན་གྱི་ཚོང་ལས་དང་དཔལ་འབྱོར་གྱི་དམ་བསྒྲགས་བཀག་སྡོམ་མང་པོ་ཞིག་ཕྱིར་འཐེན་གནང་རྒྱུའི་ཐག་གཅོད་གནང་ཡོད་སྐོར་འབྲེལ་ཡོད་ཕྱི་འབྲེལ་དཔོན་རིགས་ཞིག་གིས་ཕ་རེན་སི་གསར་ལས་ཁང་ལ་གསུངས་བཞག།
ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་༢༧གྱི་ཕྱི་འབྲེལ་བློན་ཆེན་རྣམ་པ་ཚོས་ད་ཕན་འབར་མའི་ཐོག་དཔལ་འབྱོར་དང་ཚོང་ལས་ཐོག་དམ་བསྒྲགས་ཀྱི་ཉེས་ཆད་བསྐལ་བ་མང་པོ་ཞིག་ལོ་གཅིག་རིང་ཕྱིར་འཐེན་གནང་རྒྱུར་མོས་མཐུན་བྱུང་ཡོད་ཅིང༌། དེ་ཚོའི་ཁོངས་སུ་སྒེར་པ་༥༠༠དང་ཁེ་གཉེར་ལས་ཁང་༨༠༠ལྷག་ཡོད་པ་རེད།
བར་ལམ་འབར་མའི་ནང་ཆབ་སྲིད་བཅོས་སྒྱུར་གྱི་རྣམ་པ་ཐོན་ནས་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་མཆོག་ལ་ཕྱི་ཟླ་༤ཚེས་༡ཉིན་གྱི་འོས་བསྡུའི་ནང་མཉམ་ཞུགས་གནང་ཡག་བྱུང་བའི་གནས་ཚུལ་ལ་ལེགས་གསོ་གནང་ཆེད་གོང་ཞུས་ཐག་གཅོད་དེ་གནང་ཡོད་པ་རེད།
ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་རྣམ་པའི་སྤྱི་མོས་བསྒྲགས་གཏམ་ནང༌། འབར་མའི་ནང་གི་བཅོས་སྒྱུར་ལ་དགའ་བསུ་ཞུ་ཕྱིར་ལྷན་ཚོགས་ནས་གོ་མཚོན་བཀག་སྡོམ་མ་ཐེ་པའི་དེ་མིན་འབར་མའི་གཞུང་ཐོག་ད་བར་དཔལ་འབྱོར་གྱི་དམ་དྲག་བཀག་སྡོམ་བྱས་པ་ཁག་ཕྱིར་འཐེན་བྱ་རྒྱུ་ཡིན་ལ།ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ནས་ད་དུང་འབར་མའི་ནང་གི་ཆབ་སྲིད་བཅོས་བསྒྱུར་གྱི་བྱ་རིམ་ཁག་ལ་མུ་མཐུད་རྟོག་ཞིབ་བྱ་རྒྱུ་ཡིན་ཞེས་གསུངས་བཞག།