རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་མཁན་ཁག་གློད་བཀྲོལ་དགོས།
2010.06.13
༄༅༎ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་གཞུང་ཕྱོགས་དང་ལྟ་བ་མི་མཐུན་པའི་མི་མང་ཁག་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། བདུན་ཕྲག་འདིའི་ནང་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་ཆེས་མཐོའི་ཁྲིམས་ཁང་ནས་རྒྱ་མི་རིགས་ཐའན་ཀྲུ་རེན་ལ་བསྐྱར་དུ་ཁྲིམས་ཞིབ་བྱས་ནས་ཐའན་ཡིས་ཕྱི་ལོ་༢༠༠༨ལོའི་ཟི་ཁྲོན་གྱི་ས་ཡོམ་ཆེན་མོའི་ནང་འདས་གྲོངས་སུ་འགྱུར་བའི་རྒྱ་ནག་གི་སློབ་ཕྲུག་ཚོའི་གནས་སྟངས་ཀྱི་ཐད་ཞུ་གཏུགས་བྱས་པར་ནག་ཉེས་སྐྱོན་འཛུགས་ཀྱིས་ཁོ་པ་ལོ་ལྔའི་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། རྩ་བའི་སྐུ་ཞབས་ཐའན་ལོ་འདིའི་ཕྱི་ཟླ་གཉིས་པའི་ནང་རྒྱ་ནག་གཞུང་གིས་དབང་ཤུགས་བེད་སྤྱོད་འོག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་ཁོང་གིས་ཐའན་རྒྱ་ནག་གཞུང་ལ་ཞུ་བཏུགས་བྱས་པའི་ནང་ཟི་ཁྲོན་ནང་ས་ཡོམ་ཆེན་མོའི་འོག་ས་གནས་ཀྱི་སློབ་གྲ་མང་པོ་གཏོར་སྐྱོན་ཤུགས་ཆེ་བྱུང་ནས་མི་མང་ཁྲི་དགུ་ཙམ་རྐྱེན་འདས་སུ་གྱུར་བའི་རྒྱུ་མཚན་ག་པར་ཐུག་ཡོད་པ་རེད་ཅེས་བཀོད་པའི་ཞུ་བཏུགས་ཡི་གེ་དེ་རྒྱ་ནག་གཞུང་གིས་ངོས་ལེན་མ་བྱས་པར་དེ་ལས་ལྡོག་ཏེ་ཁོ་པར་ནག་ཉེས་བཙུགས་ནས་བཙོན་འཇུག་བྱས་ཡོད་པ་རེད།