རྒྱ་ནག་ལྷོ་ནུབ་ཡུན་ནན་ཞིང་ཆེན་ནང་ས་ཡོམ་གྱི་རྐྱེན་ངན་བྱུང་བ།
2009.11.02
རྒྱ་ནག་ལྷོ་ནུབ་ཡུན་ནན་ཞིང་ཆེན་ནང་ས་ཡོམ་གྱི་རྐྱེན་ངན་ཞིག་བྱུང་བའི་ནང་ད་བར་མི་གྲངས་ཉི་ཤུ་རྩ་བརྒྱད་ཙམ་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་རྒྱ་ནག་གཞུང་གིས་གཉེར་བའི་ཤིན་ཏུའ་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་བྱས་པ་ཡིན་ན་འདི་ཚེས་གཉིས་ཀྱི་སྔ་དྲོའི་ཆུ་ཚོད་ལྔ་པ་ཙམ་དུ་ཡུན་ནན་ཞིང་ཆེན་གྱི་ཁྱབ་ཁོངས་སྦིན་ཏུའན་དང་ཤང་ཡུན་ཟེར་བའི་ས་ཁུལ་གཉིས་སུ་ས་ཡོམ་ཤུགས་ཚད་ལྔ་ཙམ་བྱས་པ་ཞིག་བརྒྱབ་པས་རྐྱེན་གྱིས་ད་བར་མི་གྲངས་ཉི་ཤུ་རྩ་བརྒྱད་ལ་རྨས་སྐྱོན་ཕོག་ཡོད་པའི་ཐོག་སྒོ་ཕྱུག་སེམས་ཅན་བཞི་བརྒྱ་ལྷག་ཙམ་ཤི་སྐྱོན་བྱུང་བ་དང་དེ་བཞིན་མང་ཚོགས་ཀྱི་སྡོད་ཁྱིམ་གསུམ་ཁྲི་ཙམ་ཞིག་ཞིག་རལ་དུ་སོང་བའི་རྐྱེན་གྱིས་མི་མང་ཉིས་འབུམ་བརྒྱད་ཁྲི་ཙམ་ལ་སྡོད་གནས་མེད་པའི་གནས་སྟངས་སུ་གྱུར་ཡོད་འདུག་ཅིང་ཡང་ད་ལམ་ས་ཡོམ་གྱི་གོད་ཆགས་ཕོག་པའི་ས་ཁུལ་དེ་གཉིས་ནི་ཡུན་ནན་ཞིང་ཆེན་གྱི་ནང་ཡོད་པའི་ཏ་ལི་པའེ་རང་སྐྱོང་ས་ཁུལ་ཟེར་བའི་ཁྱབ་ཁོངས་སུ་ཡོད་པའི་འགྲེལ་བརྗོད་ཀྱང་བྱས་འདུག