ས་ཡོམ་གོད་ཆགས་སླར་གསོར་ལོ་གསུམ་འགོར་སྲིད།
2008.05.23
༄༅༎ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་སླར་གསོ་ཡོང་རྒྱུར་དུས་ཡུན་ལོ་ངོ་གསུམ་ལྷག་འགོར་སྲིད་པ་རྒྱ་ནག་གཞུང་གིས་བརྗོད་ཡོད་པ་རེད་།
ཟི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་དཔོན་རིགས་ནས་གཟའ་པ་སངས་ཉིན་གསུང་བར་། ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དུ་འཛུགས་སྐྲུན་ལས་གཞི་སྤེལ་རྒྱུ་དང་སྡོད་ཁང་མེད་པའི་མི་མང་ཚོར་སྡོད་ཁང་བཀོད་སྒྲིག་བྱེད་ཡས་སོགས་ཀྱི་སླར་གསོའི་ལས་དོན་ཁག་ལེགས་སྒྲུབ་ཡོང་རྒྱུར་དུས་ཡུན་ལོ་ངོ་གསུམ་ལྷག་འགོར་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད་ རྒྱ་ནག་གཞུང་གིས་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅུག་པའི་དབོན་ཁྲོན་འམ་ལུང་གུ་ས་གནས་སུ་ཚེས་ ༡༢ ཉིན་འགུལ་ཤུགས་རིམ་པ་བདུན་དང་གྲངས་ཆུང་༩ བྱས་པའི་ས་ཡོམ་བརྒྱབ་ནས་ད་བར་ཉུང་ཐར་མི་གྲངས་ཁྲི་ལྔ་ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། ཡིན་ནའི་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཕོག་སའི་ཁུལ་ཁག་ཅིག་ནང་ད་དུང་ཡང་ས་འོག་ཏུ་ཕུང་པོ་མང་པོ་ལུས་ནས་བསྔོག་འདོན་བྱེད་བཞིན་ཡོད་པར་བརྟེན་ མི་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་དེ་བས་མང་དུ་འགྲོ་སྲིད་པའི་ཚོད་རྩིས་བྱེད་ཀྱི་ཡོད་པ་དང་། ད་ཆ་ས་ཡོམ་གྱི་གནོད་འཚེ་ཕོག་སའི་ས་ཁུལ་མང་པོ་ཞིག་ནང་ཛ་དྲག་མྱུར་སྐྱོབས་ཀྱི་ལས་དོན་སྤེལ་མཁན་དང་ རོགས་རམ་བྱེད་མཁན་དེ་བཞིན་ས་གནས་མི་མང་ཚོས་འཛུགས་སྐྲུན་སླར་གསོའི་ལས་དོན་སྤེལ་འགོ་ཚུགས་བཞིན་ཡོད་པ་རེད། ཡིན་ནའི་གནོད་འཚེ་ཚབས་ཆེན་པོ་ཕོག་ས་ཁག་ཅིག་ནང་ད་དུང་ས་ཡོམ་གྱི་འཕྲོས་ཤུགས་རྒྱབ་མུས་ཡིན་པའི་ཁར་ མ་འོངས་གཟའ་འཁོར་ཁ་ཤས་རིང་ཆར་ཞོད་ཀྱི་ནམ་དུས་ཟིན་གྱི་ཡོད་པར་བརྟེན་ས་གནས་དེ་ཚོའི་ནང་ཉེན་ཁ་ད་དུང་ཡོད་པར་བརྟེན་ནས་ དེ་ཚོའི་ནང་གི་མི་སེར་རྣམ་ས་ཁུལ་གཞན་དུ་གཅིག་ཏུ་སྒྲིལ་ནས་གནས་སྡོད་བྱེད་ས་སླར་གསོ་བྱེད་དགོས་ཀྱི་ཡོད་པ་ས་གནས་དཔོན་རིགས་ནས་འགྲེལ་བརྗོད་བྱས་འདུག