མགོ་ལོག་རྨ་སྟོད་ཕྱོགས་ཀྱི་ས་འགུལ་ཁྲོད་ཉུང་མཐར་མི་བརྒྱད་ལ་རྨས་སྐྱོན་ཕོག་འདུག
མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་ཕྱོགས་སུ་འགུལ་ཚད་རིམ་པ་བདུན་ཚེག་བཞི་ཡོད་པའི་ས་འགུལ་རྒྱབ་ནས་ཉུང་མཐར་མི་བརྒྱད་ལ་རྨས་སྐྱོན་ཕོག་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཚེས་༢༢་ཉིན་གྱི་ཐོ་རངས་ཆུ་ཚོད་༢་དང་སྐར་མ་བཞིའི་ཐོག་མགོ་ལོག་རྨ་སྟོད་རྫོང་དུ་ས་འགུལ་རྒྱབ་པའི་ཁྲོད་ཚབས་ཆེ་ཤོས་རྨ་ཆུ་ཡུལ་ཚོ་ཡིན་ཞིང་། ད་བར་འབྲོག་པ་མང་ཚོགས་གཙོས་རྨ་སྟོད་རྫོང་ཁྱོན་ཡོངས་སུ་ཉུང་མཐར་མི་བརྒྱད་ལ་རྨས་སྐྱོན་ཕོག་ཡོད་བརྗོད་བཞིན་པ་དང་། མི་གྲངས་འདས་སྐྱོན་གྱི་གནས་ཚུལ་གོ་ཐོས་མེད་ཀྱང་། ས་གནས་ཡུལ་མིའི་སྡོད་ཁང་བཤིག་པ་དང་། ཕྱུགས་རར་གནོད་འཚེ་ཐེབས་པ། ཟམ་པ་རྡིབ་པ། མགྱོགས་ལམ་ལ་གཏོར་སྐྱོན་ཐེབས་པ་སོགས་རྒྱུ་དངོས་ལ་གྱོང་གུད་ཆེན་པོ་ཐེབས་ཡོད་འདུག ལྷག་པར་དུ་གཞུང་གིས་འཛུགས་བསྐྲུན་བྱས་པའི་གཞུང་ལམ་དང་ཟམ་པ་སོགས་མང་པོར་གཏོར་བཤིག་ཐེབས་པ་དེ་ནི་གཞུང་ཕྱོགས་ཀྱི་འཛུགས་བསྐྲུན་ལས་གཞིའི་སྤུས་ཚད་ཞན་པའི་རྐྱེན་ལས་བྱུང་བར་བོད་ནང་གི་བོད་མིས་ངོས་འཛིན་གནང་གི་འདུག
སྤྱིར་རྨ་སྟོད་རྫོང་གི་འབྲོག་པ་མང་པོ་ཞིག་ལོ་མང་པོས་སྔོན་ལ་རྒྱ་ནག་གཞུང་གིས་གཙང་གསུམ་ཁོར་ཡུག་སྲུང་སྐྱོབ་ཟེར་བའི་ལས་གཞིའི་ཁྲོད་ན་གོར་མོ་གྲོང་ཁྱེར་དུ་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་བཅུག་ཡོད་པ་རེད།
མགོ་ལོག་རྨ་སྟོད་རྫོང་གི་བྱང་ཕྱོགས་སུ་མཚོ་ནུབ་ཁུལ་དུར་ལམ(ཏུའུ་ལན)་དང་ས་འབྲེལ་དང་། ཤར་ཕྱོགས་སུ་མཚོ་ལྷོ་བྲག་དཀར་རྫོང་དང་ས་འབྲེལ། ལྷོ་ཕྱོགས་སུ་མགོ་ལོག་དར་ལག་རྫོང་དང་དཀར་མཛེས་སེར་ཤུལ་རྫོང་བཅས་དང་ས་འབྲེལ་ཡིན་ཤིང་། ནུབ་ཕྱོགས་སུ་ཡུལ་ཤུལ་ཆུ་དམར་ལེབ་དང་ས་འབྲེལ་ཡིན་འདུག
