བཀའ་བློན་མཆོག་གིས་ཁེ་ན་ཊའི་གྲོས་ཚོགས་འཐུས་མི་དང་མཇལ་མོལ།
2017.03.09
བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་གིས་ཁེ་ན་ཊར་ཉིན་གྲངས་གསུམ་རིང་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ལགས་ཁེ་ན་ཊའི་རྒྱལ་ས་ཨོ་ཊོ་ཝར་སྤྱི་ཟླ་༣་པའི་ཚེས་༥་ནས་༨་བར་ཉིན་གྲངས་གསུམ་རིང་གི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་པར་མཇུག་སྒྲིལ་གནང་ཡོད་ཅིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱང་ཁོང་དང་མཉམ་དུ་ཆེད་ཕེབས་གནང་ཡོད་འདུག
ཐེངས་འདིར་བཀའ་བློན་ཁོང་གཞུང་འབྲེལ་ཕྱོགས་ཕེབས་གནང་དགོས་དོན་ནི་ཁེ་ན་ཊའི་སྲིད་གཞུང་དང་། གྲོས་ཚོགས་འཐུས་མི། དེ་བཞིན་རྒྱབ་སྐྱོར་བ་བཅས་ལ་རྒྱ་གར་དང་བལ་ཡུལ་ནང་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་གཏོང་རྒྱུའི་ལས་གཞིའི་འོག་ཁེ་ན་ཊའི་དངུལ་སྒོར་ས་ཡ་གཉིས་གནང་འབྱོར་བྱུང་པའི་ལས་གཞི་དེ་གང་འདྲ་ཞིག་འགྲོ་བཞིན་ཡོད་པའི་སྐོར་ལས་བསྡོམས་གསལ་བཤད་གནང་ཆེད་ཡིན་པ་རེད་ཅེས་འཁོད་འདུག
ལས་གཞི་དེ་བཞིན་སྤྱི་ལོ་༢༠༡༥་ལོའི་ཟླ་༤་བའི་ཚེས་༡་ཉིན་འགོ་བཙུགས་ཏེ་སྤྱི་ལོ་༢༠༡༧་ལོའི་ཟླ་༦་པའི་ནང་མཇུག་སྒྲིལ་གྱི་ཡོད་འདུག
གོང་ཞུས་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་གཏོང་རྒྱུའིི་ལས་གཞི་དེ་ནི་ཤེས་རིག་ལས་ཁུངས་དང་། ཁེ་ན་ཊའི་AgriTeam་ཟེར་བ་གཉིས་ཀྱིས་མཉམ་འབྲེལ་གྱི་ལག་བསྟར་གནང་པ་ཞིག་ཡིན་འདུག་ཅིང་། ལས་གཞི་དེའི་འོག་བོད་པའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་ཁྱོན་ཆིག་སྟོང་བརྒལ་བར་དེང་དུས་ཀྱི་སློབ་ཁྲིད་ཐབས་ལམ་དང་། བོད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་བཅས་ཀྱི་ཐོག་ཟབ་སྤྱོང་གནང་ཐུབ་པ་བྱུང་ཡོད་འདུག
ད་རེས་ཤེས་རིགས་བཀའ་བློན་གྱི་འཚམས་གཟིགས་དེའི་རིང་། ཁེ་ན་ཊའི་གྲོས་ཚོགས་འཐུས་མི་དང་། ལས་གཞི་དེར་གཟིགས་རྟོག་གནང་མཁན་གཞུང་གི་འབྲེལ་ཡོད་ལས་བྱེད། AgriTeam་ཀྱི་འབྲེལ་ཡོད་མི་སྣ་བཅས་དང་ཐུག་འཕྲད་གནང་ཡོད་འདུག།
གསར་འགོད་པ་གུ་རུ་ཆོས་སྐྱིད་དང་། རིག་ལྡན་སྒྲོལ་མ།