ཨི་ཇིབ་ཏུ་རྔམ་སྟོན་ངོ་རྒོལ་གྱི་ལས་འགུལ།
2011.02.01
༄༅༎དཀྱིལ་ཤར་ཡུལ་གྲུ་ཨི་ཇིབ་རྒྱལ་ཁབ་ནང་ཆབ་སྲིད་ཀྱི་ལམ་ལུགས་བཅོས་བསྒྱུར་གཏོང་དགོས་ཞེས་མི་དམངས་ཀྱི་རྔམ་སྟོན་ངོ་རྒོལ་ལས་འགུལ་སྤེལ་ནས་དེ་རིང་གིས་གཟའ་འཁོར་གཉིས་པ་འགོ་བཙུགས་པ་དང༌། དེ་རིང་མི་དམངས་ས་ཡ་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་རྒྱུ་ཡིན་པ་དེ་ནི། ངོ་རྒོལ་ལས་འགུལ་རྣོ་ངར་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་པ་རེད།
དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌། ཨི་ཇིབ་མི་དམངས་ཀྱིས་མི་ལོ་སུམ་ཅུ་ལྷག་དབང་བསྒྱུར་བྱེད་མཁན་སྲིད་འཛིན་ཧོ་སི་ནི་མུ་སྦ་རཀ་ཡིས་སྲིད་དབང་རྩིས་སྤྲོད་བྱ་དགོས་ཞེས་མུ་མཐུད་ནས་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་མ་ཟད། དེ་རིང་རེས་གཟའ་མིག་དམར་ཉིན་ཨི་ཇིབ་ཀྱི་རྒྱལ་ས་ཁའེ་རོའོ་ནང་མི་དམངས་ས་ཡ་འདུ་འཛོམས་ཀྱིས་ངོ་རྒོལ་གྱི་གོམ་བགྲོས་ལས་འགུལ་སྤེལ་རྒྱུའི་འཆར་གཞི་བྱེད་པ་དང༌། ལས་འགུལ་དེ་ནི་དེ་རིང་སྔ་དྲོའི་ཚོུད་དགུ་པ་ཙམ་ནས་འགོ་འཛུགས་རྒྱུའི་འཆར་གཞི་བྱེད་ཀྱི་ཡོད་ཀྱང༌། ཨི་ཇིབ་གཞུང་གིས་རེས་གཟའ་ཕུར་བུ་ནས་ལག་འཁྱེར་ཁ་པར་གྱི་འབྲེལ་མཐུད་བཅད་པ་དང་དྲ་རྒྱ་བལྟ་ཀློག་བྱ་རྒྱུ་མེད་པ་བཟོས་པའི་ཁར་རེས་གཟའ་ཟླ་བ་ནས་རྒྱལ་ཡོངས་རི་ལིའི་འགྲིམས་འགྲུལ་མཚམས་འཇོག་བྱས་ཏེ། མི་དམངས་དབར་ལ་འབྲེལ་གཏུགས་བྱེད་བར་དཀའ་ངལ་ཡོད་པར་བརྟེན་ནས། མི་དམངས་ཇི་ཙམ་འདུ་འཛོམས་ཐུབ་ཀྱི་ཡོད་མེད་ཚོད་དཔག་བྱེད་དཀའ་བར་གྱུར་ཡོད་པ་རེད། ཨི་ཇིབ་མི་དམངས་ཀྱིས་སྲིད་འཛིན་མུ་སྦ་རཀ་གྱི་ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད་བྱ་དགོས་པའི་ངོ་རྒོལ་ལས་འགུལ་དེ་ཕྱི་ཟླ་དང་པོའི་ཚེས་༢༤རེས་གཟའ་ཟླ་བ་ནས་འགོ་བཙུགས་ཏེ། ངོ་རྒོལ་བྱེད་མི་ཚོ་རེས་གཟའ་ཟླ་བ་ནས་རྒྱལ་ས་ཁའེ་རོའོ་ཡི་ཐང་ཆེན་དུ་བསྡད་དེ་ངོ་རྒོལ་གྱི་ལས་འགུལ་སྤེལ་མ་ཟད། མང་པོ་ཞིག་ཁྱིམ་ཚང་དུ་མ་ལོག་པར་མཚན་གང་ངོ་རྒོལ་བྱས་ཏེ་བསྡད་པ་དང༌། ཁོ་ཚོ་མང་པོ་ཞིག་ཐང་ཆེན་དེར་ཡོད་པའི་ཨི་ཇིབ་རྒྱལ་ཡོངས་འགྲེམས་སྟོན་ཁང་གི་སྒོ་འགྲམས་དུ་འདུ་འཛོམས་ཀྱིས། སྲིད་འཛིན་མུ་སྦ་རཀ་གིས་ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད་མ་བྱས་བར་དུ་ཐང་ཆེན་དེའི་ཐོག་མུ་མཐུད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་འབོད་ཚིག་སྒྲོག་ཏེ། ཐང་ཆེན་གྱི་མཐའ་འཁོར་དུ་འགྲེམས་འཇོག་བྱས་པའི་དམག་དཔུང་དང་ལྕགས་འཁྲབ་འཁོར་ལོ་སོགས་ལ་འཇིགས་ཞུམ་མེད་པའི་ཐོག་ནས་ངོ་རྒོལ་བྱེད་བཞིན་ཡོད་པ་རེད། དམག་དཔུང་ཚོའི་ངོས་ནས་ཀྱང་ངོ་རྒོལ་བྱེད་མི་ཚོར་མེ་འཕེན་བྱེད་རྒྱུ་མིན་པའི་ཁས་ལེན་བྱས་པ་དང༌། ཁོང་ཚོས་ས་ཚིགས་ཁག་ནས་མི་དམངས་ཐང་ཆེན་ནང་དུ་མ་འཛུལ་གོང་དུ་ངོ་སྤྲོད་ལག་འཁྱེར་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད།