བལ་ཡུལ་ས་མཚམས་ཀྱི་གནམ་ཐང་དུ་བོད་མི་༨བཀག་ཡོད་པ།
2010.08.04
༄༅༎བལ་ཡུལ་གྱི་འབྲེལ་ཡོད་དཔོན་རིགས་ཀྱིས་ཉེ་སྔོན་བོད་མི་བརྒྱད་བལ་ཡུལ་གྱི་ས་མཚམས་ལུ་ལ་གནམ་ཐང་ནས་བོད་ལ་ཕུར་བསྐྱོད་བཀག་འགོག་བྱས་ནས་རྒྱལ་ས་ ཀཌ་མན་དུར་ཕྱི་ཚེས་ ༣༡་ ཉིན་ཕྱིར་སློག་བྱས་པའི་གནས་ཚུལ་བྱུང་འདུག་། བལ་ཡུལ་ནང་ང་ཚོས་གསར་འགོད་པ་ཀྲུ་འབུམ་བཀྲིས་ལགས་ཀྱིས་གནས་ཚུལ་བཏང་དོན་ལྟར་ན། ཉེ་སྔོན་ཕྱི་ཟླ་བདུན་པའི་ནང་བོད་མི་བརྒྱད་བལ་ཡུལ་གྱི་ས་མཚམས་ལུ་ལ་ཁུལ་དུ་ཡོད་པའི་གནམ་ཐང་བརྒྱུད་བོད་ལ་ཕྱིར་ལོག་གནང་རྩིས་བྱས་ཡོད་ཀྱང་། ཁོང་རྣམས་ལ་བལ་ཡུལ་གྱི་ཉེན་རྟོག་དཔོན་རིགས་རྣམས་ཀྱིས་དྲི་བརྩད་བྱེད་སྐབས་སྐད་མ་ཤེས་པའི་རྐྱེན་གྱིས་གོ་བརྡ་མ་འཕྲོད་པར་ཁ་རྩོད་ཤོར་ཡོད་པ་རེད་འདུག
དེ་ནས་བལ་ཡུལ་ཉེན་རྟོག་དམག་མིས་བོད་མི་རྣམས་ལ་བསྔོག་བཤེར་དང་ཉེས་རྡུང་སོགས་བཏང་འདུག དེ་ནས་བོད་མི་བརྒྱད་དེ་དག་ཕྱི་ཟླ་བདུན་པའི་ཚེས་ ༣༡་ བལ་ཡུལ་གྱི་རྒྱལ་ས་ཀཌ་མན་ཌུར་ཕྱིར་སློག་བྱས་འདུག གནས་ཚུལ་རྒྱུས་ཡོད་བོད་མི་ཞིག་གིས་ང་ཚོའི་གསར་འགོད་པར་འགྲེལ་བརྗོད་གནང་དོན་ལ། ད་ལྟའི་ཆར་བོད་མི་བརྒྱད་པོ་དེ་དག་བལ་ཡུལ་གྱི་རྒྱལ་སར་ཡོད་པ་དང་། ཁོང་རྣམས་ཀྱི་དངུལ་ཕྲན་བུ་མ་གཏོགས་དངོས་ཆས་ཁག་སོ་སོར་རྩིས་སྤྲོད་བྱས་ཡོད་འདུག བལ་ཡུལ་གྱིས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་དང་བལ་ཡུལ་ནས་བོད་ལ་ཕྱིར་ལོག་བྱེད་མཁན་དེ་དག་གི་ཐོག་དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད་པ་དང་། ཉེ་བའི་ཆར་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་གསུམ་རྒྱ་ནག་གི་ཉེན་རྟོག་དམག་མིར་ཕྱིར་རྩིས་སྤྲོད་བྱས་པའི་གནས་ཚུལ་བྱུས་ཡོད་པ་རེད།།