རྒྱ་གར་སྲིད་འཛིན་བརྒྱད་པ་ལྦེན་ཀཏ་ར་མན་ཚེ་འདས་སུ་ཕྱིན་པ།
2009.01.27
༄༅༎རྒྱ་གར་གྱི་སྲིད་འཛིན་བརྒྱད་པ་དང་རྩ་ཁྲིམས་ཟིན་བྲིས་ལ་ཕྱག་རོགས་གནང་མཁན་སྐུ་ཞབས་ར་མ་ས་ལྦ་མི་ལྦེན་ཀ་ཏ་ར་མན་མཆོག་ཁ་ས་དགོངས་པ་རྫོགས་པའི་གནས་ཚུལ་བྱུང་འདུག
དགུང་གྲངས་༩༨ལ་ཕེབས་པའི་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ར་མ་ས་ལྦ་མི་ལྦེན་ཀ་ཏ་ར་མན་མཆོག་རྒྱུན་རིང་སྙུང་གཞི་བཞེས་པའི་རྗེས་སུ་ཁ་ས་རྒྱལ་ས་ལྡི་ལི་གསར་པའི་ནང་ཡོད་པའི་དམག་མིའི་སྨན་ཁང་ནང་ཚེ་འདས་སུ་ཕྱིན་འདུག
ལྦེན་ཀ་ཏ་ར་མན་མཆོག་ནི་རྒྱ་གར་རྒྱལ་ཡོངས་ཀྱི་རྩ་ཁྲིམས་ཟིན་བྲིས་ལ་ཕྱག་རོགས་གནང་མཁན་ཞིག་ཡིན་པ་དང་ཕྱི་ལོ་༡༩༤༧ལོར་དབྱིན་ཇིའི་དབང་བསྒྱུར་འོག་ནས་རྒྱ་གར་རང་བཙན་ཐོབ་པའི་ལོ་གསུམ་གྱི་རྗེས་སུ་རྩ་ཁྲིམས་དེ་རྒྱ་གར་གཞུང་གི་ཕྱག་བསྟར་གནང་ཡོད་པ་རེད། ཚེ་འདས་ལྦེན་ཀ་ཏ་ར་མན་མཆོག་ནི་ཁྲིམས་རྩོད་པ་ཞིག་ཡིན་པ་དང་ཕྱི་ལོ་༡༩༨༧ལོའི་ཕྱི་ཟླ་བདུན་པའི་ནང་རྒྱ་གར་གྱི་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་ཡུལ་དེའི་སྲིད་བློན་ལྔ་ལ་ཡང་ལས་དོན་ཐད་ཕྱག་རོགས་གནང་ཡོད་པ་རེད། ཁོང་གིས་རྒྱ་གར་གྱི་སྲིད་འཛིན་མ་གནང་གོང་ངམ་ཕྱི་ལོ་༡༩༨༠རྒྱ་གྲངས་ཀྱི་འགོ་སྟོད་དུ་རྒྱ་གར་གྱི་བདེ་སྲུང་བློན་ཆེན་དང་དཔལ་འབྱོར་བློན་ཆེན་གྱི་ཐུགས་འགན་ཡང་བཞེས་ཡོད་པ་རེད། རྒྱ་གར་གྱི་སྲིད་འཛིན་ལྕམ་པར་ཏི་བ་པ་ཏེལ་མཆོག་གིས་སྲིད་འཛིན་ཟུར་པ་ལྦེན་ཀ་ཏ་ར་མན་མཆོག་དགོངས་པ་རྫོགས་པར་རྒྱ་གར་གྱི་རྒྱལ་གཅེས་དཔའ་བོ་ཞིག་དང་རྣམ་རིག་བཀྲ་བའི་དབུ་ཁྲིད་ཅིག་མེད་པར་འགྱུར་བའི་སྐོར་འགྲེལ་བརྗོད་གནང་འདུག སྲིད་འཛིན་ཟུར་པ་ལྦེན་ཀ་ཏ་ར་མན་མཆོག་ལ་ཉིན་གྲངས་བདུན་རིང་མྱ་ངན་གུས་བཏུད་ཞུ་རྒྱུ་དང་དེའི་སྐབས་སུ་འཁེལ་བའི་གཞུང་འབྲེལ་དུས་ཆེན་སྲུང་བརྩི་ཡོངས་རྫོགས་ཕྱིར་བསྡུའི་གསལ་བསྒྲགས་ཀྱང་གནང་ཡོད་པའི་གནས་ཚུལ་འདུག