བཀའ་ཁྲི་དང་སྤྱི་འཐུས་དངོས་གཞིའི་འོས་མིའི་གསལ་བསྒྲགས།
2011.01.19
༄༅༎ཕྱི་ཟླ་དང་པོའི་ཚེས་༡༩ཉིན་བཞུགས་སྒར་རྡ་རམ་ས་ལའི་ཕྱི་དྲེལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ དབུས་འོས་བསྡུ་ལྷན་ཁང་གིས་སྐབས་གསུམ་པའི་བཀའ་ བློན་ཁྲི་པ་དང་ སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མིའི་མིང་གཞུང་གསལ་བསྒྲགས་གནང་ཡོད་པ་རེད་ དེའི་ཉིན་སྔ་དྲོ་ཚོུད་བཅུ་དང་ཕྱེད་ཀའི་ཐོག དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་དང་ ལས་འཕར་དགེ་བཤེས་རིག་འཛིན་ཆོས་གྲགས་ལགས་ ལས་འཕར་གཡང་མཁོ་རྒྱལ་ལགས་བཅས་ནས་གསར་འགོད་གསལ་བསྒྲགས་གནང་དོན་ལྟར་ བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་མིར་ཕེབས་མཁན་རྣམས་ཀྱི་ཁོང་ནས་དགོངས་ཞུ་ཇི་བྱས་དང་ དོ་བདག་སོ་སོའི་ངོས་ནས་དངོས་གཞིའི་འོས་བསྡུར་བཞུགས་ཀྱང་ཆ་རྐྱེན་མི་ཚང་ཡོད་མེད་ ཞིབ་འཇུག་གིས་ཆོལ་ཁ་ཁག་ནས་དངོས་གཞིའི་འོས་མི་གྲངས་༢༠རེ་དང་ ཆོས་བརྒྱུད་ཁག་ནས་འོས་མི་གྲངས་༤རེ་ ཨ་རི་དང་ཡོ་རོབ་ཁུལ་ནས་འོས་མི་གྲངས་༤རེ་ ཐོབ་ཁོངས་སོ་སོ་ནས་དང་བླངས་ཇི་ཡོད་རྣམས་འདིར་སྣོན་ཏེ་ སྒྲིག་གཞི་གཞིར་བཟུང་ སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་ཉུང་མཐར་ལྡབ་གཅིག་ལས་མི་ཉུང་བ་དང་ བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མིར་གསུམ་ཡོད་པ་དེ་དག་གསལ་བསྒྲགས་གནང་ཡོད་འདུག མི་མང་ནས་ཐད་ཀར་འོས་འདེམས་བྱ་རྒྱུའི་བཀའ་བློན་ཁྲི་པའི་འོས་མིའི་གསུམ་ནི་ བློ་བཟང་སེང་གེ་ལགས་དང་ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ བཀྲིས་དབང་འདུས་ལགས་བཅས་ཡིན་པ་རེད་