ཤིང་ཅང་ནང་ཟས་དུག་འོག་མི་བཅུ་གཅིག་རྐྱེན་འདས།
2011.08.21
༄༅༎ཤིང་ཅང་གི་གྲོང་ཁྱེར་ཞིག་ནང་ཟས་དུག་ཤོར་ཏེ། མི་བཅུ་གཅིག་རྐྱེན་ལམ་དུ་ཕྱིན་ཡོད་པའི་སྐོར་དེ་རིང་རེས་གཟའ་ཉི་མའི་ཉིན་ཤིང་ཅང་ས་གནས་ཀྱི་དཔོན་རིགས་ནས་བཤད་ཡོད་པ་རེད།
དེ་ཡང་ཤིང་ཅང་གི་ཧོ་ཏེན་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་གསལ་བསྒྲགས་ནང་དུ། རེས་གཟའ་སྤེན་པའི་ཕྱི་དྲོའི་ཚོུད་དྲུག་པ་ཙམ་ལ་། མི་གྲངས་༡༥༠ ལྷག་ལ་ཟས་དུག་ཤོར་བའི་ནད་རྟགས་ཐོན་ཡོད་པའི་སྐོར་བཀོད་ཡོད་ཅིང༌། ཧོ་ཏེན་གྲོང་ཁྱེར་གྱི་པི་ཤན་ས་གནས་ཀྱི་སང་ཀྲུ་གྲོང་མཚོ་ནང་གྲོང་གསེབ་པ་རྣམས་། སྐྱུག་པ་སྐྱུག་པ་དང༌། རྩ་རྒྱུས་འཁུམ་པ་སོགས་ཀྱི་ནད་རྟགས་བྱུང་བར་བརྟེན། ཟས་དུག་ཕོག་པའི་ནད་པ་རྣམས་ས་གནས་སྨན་ཁང་ཁག་ཏུ་བསྐྱལ་བ་དང༌། དེའི་ནང་ནས་ནད་གཞི་ཛ་དྲག་ཆེ་བ་རྣམས་མུ་མཐུད་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་པའི་སྐོར་གསལ་བསྒྲགས་དེའི་ནང་བཀོད་ཡོད་པ་ལས། ནད་གཞི་ཛ་དྲག་ཆེ་བའི་ནད་པ་ཇི་ཙམ་ཡོད་མེད་ཀྱི་གྲངས་ཀ་དང་ད་ལྟའི་གནས་སྟངས་ཇི་ལྟར་ཡོད་མེད། ཟས་དུག་ཤོར་ནས་འདས་གྲོངས་སུ་ཕྱིན་པའི་མི་དེ་དག་སུ་ཡིན་མིན་སོགས་ཞིབ་ཕྲའི་གནས་གང་ཡང་བཀོད་མེད་པ་རེད། ཟས་དུག་ཤོར་བའི་རྒྱུ་རྐྱེན་ཇི་ལྟར་ཡིན་མིན་ཐད་ཞིབ་མཇུག་གི་ལས་དོན་བྱེད་བཞིན་ཡོད་པའི་སྐོར་བཀོད་ཡོད་ཀྱང༌། རྒྱ་ནག་ནང་ཁ་ཟས་ནང་མིའི་བདེ་ཐང་ལ་གནོད་གཞིའི་རིགས་བསྲེག་ལྷད་བཏང་སྟེ། ཚོང་འགྲེམས་བྱེད་པའི་གནས་ཚུལ་ནི་རྒྱུན་ལྡན་དུ་ཐོན་པ་ཞིག་ཡིན་ཞིང༌། དེའི་ནང་ནས་རྒྱ་ནག་མི་དམངས་ནང་བློ་འཚབ་ཆེ་ཤོས་བྱེད་དགོས་པའི་དོན་རྐྱེན་ཆེན་པོ་ཞིག་ནི། ཕྲུ་གུའི་འོ་ཙམ་ནང་དུག་རྫས་བསྲེག་ལྷད་བཏང་སྟེ། ཕྲུ་གུ་ཤི་བ་དང་བེད་ཐང་ལ་གནོད་འཚེ་བཟོས་པ་དེ་ཡིན་པ་རེད།