སིང་ག་པོར་ཡུལ་གྱིས་ཕྱི་ཕྱོགས་ལས་མི་མང་དུ་གཏོང་འཆར།
2010.07.15
༄༅༎སིང་ག་པོར་གཞུང་གིས་དེ་སྔོན་ཡུལ་དེའི་ནང་ཕྱི་ཕྱོགས་ཀྱི་ལས་མི་གླ་གཡར་བྱ་ཕྱོགས་ཐད་དམ་བསྒྲགས་ཀྱི་སྲིད་བྱུས་བཟུང་ཡོད་ཀྱང་ ད་ཆ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་ཚད་ཇེ་མཐོར་འགྲོ་བཞིན་པའི་སྐབས་དངོས་ཟོག་གི་རིང་གོང་མི་འཕར་རྒྱུའི་སླད་ཕྱི་ཕྱོགས་ཀྱི་ལས་མི་ད་དུང་མང་དུ་གཏོང་རྒྱུའི་སྲིད་བྱུས་གསལ་བསྒྲགས་བྱས་འདུག་༎
གནས་ཚུལ་ནང་བཀོད་པར་གཞིགས་ན་ ༢༠༠༧ནས་ཟུང་སིང་ག་པོར་ནང་ཕྱིའི་ཡུལ་ཁག་ནས་ལོ་རེར་ལས་མི་༡༥༠༠༠༠ཙམ་གསར་དུ་འབྱོར་གྱི་ཡོད་པ་དང་ ད་ཆ་རྒྱལ་ཁབ་ཁྱོན་ཡོངས་སུ་ལས་མི་གྲངས་འབོར་ས་ཡ་༣ཙམ་ཡོད་པའི་ཁོངས་ནས་གསུམ་ཆ་གཅིག་ཙམ་ཕྱི་ཕྱོགས་ཀྱི་ལས་མི་ཡིན་པ་རེད་ འདི་ལོའི་འགོ་སྟོད་དུ་སིང་ག་པོར་གཞུང་ཕྱོགས་ནས་ཕྱི་ཕྱོགས་ཀྱི་ལས་མིའི་གྲངས་འབོར་ཉུང་དུ་གཏོང་རྒྱུའི་སྲིད་བྱུས་བཟུང་རྒྱུའི་ཁས་ལེན་བྱས་ཡོད་པ་རེད་
ཡིན་ཡང་རེས་གཟའ་ཕུར་བུའི་ཉིན་སིང་ག་པོར་གྱི་སྲིད་བློན་ལི་སེན་ལུང་གིས་ཕྱི་ཕྱོགས་ཀྱི་ལས་མི་ཉུང་དུ་གཏོང་རྒྱུའི་ཚབ་ཏུ་ད་དུང་ འདི་ལོའི་ནང་ཚུད་ཕྱི་ཕྱོགས་ནས་ལས་མི་འབུམ་གཅིག་ཙམ་ཁ་བསྣོན་འཛུལ་ཞུགས་ཆོག་པའི་བཀའ་འཁྲོལ་གནང་རྒྱུ་ཡིན་སྐོར་སྲིད་བྱུས་གསལ་བསྒྲགས་གནང་འདུག
འདས་པའི་ལོ་ཤས་རིང་སིང་ག་པོར་རྒྱལ་ཁབ་ཀྱི་ལོ་རེའི་དཔལ་འབྱོར་འཕེལ་ཚད་དེ་བཞིན་རྒྱལ་སྤྱིའི་ཐོག་དཔལ་འབྱོར་འཕེལ་ཚད་མཐོ་ཤོས་གྲས་ཤིག་ཡིན་ལ་ འདི་ལོའི་དཔལ་འབྱོར་འཕེལ་ཚད་དེ་བརྒྱ་ཆ་༡༥ཙམ་འཕར་སྣོན་འགྲོ་རྒྱུའི་སྔོན་དཔག་བྱེད་བཞིན་ཡོད་པ་རེད་ རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་ལྟར་ དཔལ་འབྱོར་དཔྱད་ཞིབ་པ་ཚོས་སིང་ག་པོར་ནང་བཅའ་དངོས་ཀྱི་རིང་གོང་ཡང་དེ་མཚུངས་འཕར་རྒྱུའི་སྔོན་དཔག་བྱེད་ཀྱི་ཡོད་པ་དང་ སིང་ག་པོར་གྱི་སྲིད་བློན་མཆོག་ནས་ རྒྱལ་ཡོངས་དཔལ་འབྱོར་འཕེལ་ཚད་མུ་མཐུད་གནས་ཐབས་དང་ཆབ་ཅིག་བཅའ་དངོས་ཀྱི་རིང་གོང་དེ་མུར་གནས་ཐབས་སུ་ ཕྱི་ཕྱོགས་ཀྱི་ལས་མི་གྲངས་འབོར་བཅག་གཅོག་གི་ཚབ་ད་དུང་མང་དུ་གཏོང་རྒྱུའི་གནད་འགག་ཤིན་ཏུ་ཆེ་བའི་སྐོར་དག་བུད་གནང་འདུག་༎