དཔལ་ས་སྐྱའི་ཁྲི་ཐོག་ཞེ་གཉིས་པ་ཁྲི་གསོལ་ཞུས་འདུག
2017.03.09
དཔལ་ས་སྐྱ་༧གོང་མ་རིན་པོ་ཆེའི་གདུང་སྲས་བགྲེས་པ་རཏྞ་བཛྲ་རིན་པོ་ཆེ་མཆོག་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པར་ཁྲི་སྟོན་གནང་འདུག
དེ་ཡང་འདི་ཚེས་༩་ཉིན་རྒྱ་གར་བྱང་ཕྱོགས་པུར་ཝ་ལ་དཔལ་ས་སྐྱའི་མ་དགོན་དུ། ས་སྐྱ་༧གོང་མ་རིན་པོ་ཆེའི་གདུང་སྲས་བགྲེས་པ་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་ས་སྐྱའི་ཁྲི་འཛིན་༤༢་པའི་མཚན་གསོལ་ཞུས་ཏེ་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་གནང་པ་རེད།
༧གོང་མ་རཏྣ་བཛྲ་རིན་པོ་ཆེ་འམ་ངག་དབང་ཀུན་དགའ་བློ་གྲོས་དབང་ཕྱུག་རིན་ཆེན་འཇིགས་མེད་འཕྲིན་ལས་མཆོག དཔལ་ས་སྐྱའི་ཁྲི་འཛིན་དུ་མངའ་གསོལ་དང་འབྲེལ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གནང་རྗེས། ས་སྐྱ་གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས། མཛད་སྒོའི་ཐོག་བཅར་བའི་དད་ལྡན་མི་མང་རྣམས་ལ་ཆོས་རྗེ་ས་པཎ་གྱིས་མཛད་པའི་ཐུབ་པ་དགོངས་གསལ་གྱི་ཆོས་འབྲེལ་གནང་འདུག
རཏྣ་བཛྲ་རིན་པོ་ཆེ་མཆོག་ནི་ས་སྐྱ་གོང་མ་ཁྲི་འཛིན་༤༡་པ་ཆེན་པོ་མཆོག་ལ་གདུང་སྲས་གཉིས་ཡོད་པའི་ནང་ནས་གདུང་སྲས་སྐུ་བགྲེས་པ་དེ་ཡིན་པ་དང་། ཁོང་༡༩༧༤་ཟླ་བ་༡༡་པའི་ཚེས་༡༩་ཉིན་རྒྱ་གར་བྱང་ཕྱོགས་རྡྷེ་ར་རྡུན་དུ་སྐུ་འཁྲུངས་པ་ནས་བཟུང་ཡབ་རྗེ་ས་སྐྱ་༧གོང་མ་ཁྲི་འཛིན་༤༡པ་ཆེན་པོ་མཆོག་གི་དབུས་མཁས་ཤིང་གྲུབ་པ་བརྙེས་པའི་མཚན་ལྡན་བླ་མ་རྣམས་ཀྱི་སྐུའི་མདུན་ནས་དབང་དང་བྱིན་རླབས། ལུང་དང་མན་ངག་འཆད་ཁྲིད་དང་གདམས་ངག་བཅས་གྲངས་ལས་འདས་པ་ཐོབ་གནང་ཡོད་པ་རེད།
༡༩༩༠་ལོར་རཏྣ་བཛྲ་རིན་པོ་ཆེ་མཆོག་ས་སྐྱ་མཐོ་སློབ་དུ་སློབ་ཞུགས་གནང་སྟེ། མཁན་པོ་ལེགས་བཤད་ཀུན་དགའི་དྲུང་ནས་བཀའ་པོད་ལྔའམ་གཞུང་ཆེན་བཅུ་གསུམ། གྲགས་ཆེན་བཅོ་བརྒྱད་ཐོག་གསན་བསམ་རྒྱ་ཆེ་མཛད། ༡༩༩༨་ལོར་གཞུང་ལུགས་རབ་འབྱམས་ལ་མཁས་པའི་དབང་པོར་གྱུར་ནས་བཀའ་བཅུ་པའི་མཚན་གནས་ཀྱི་གཟེངས་བསྟོད་བཞེས་གནང་ཡོད་པ་རེད།
དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་༤༡་པ་མཆོག་གིས་དཔལ་ས་སྐྱའི་ཁྲི་འཛིན་ལམ་ལུགས་ཐད་ལོ་རྒྱུས་གསར་གཏོད་རང་བཞིན་གྱི་ལེགས་བཅོས་མཛད་རྒྱུའི་དགོངས་ཚུལ་གསུང་པ་བཞིན། ༢༠༡༤ལོའི་ཟླ་བ་༥པའི་ཚེས་༨ཉིན་སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་རྣམ་གཉིས་ཞལ་འཛོམས་ཀྱིས། མཁྱེན་ཡོན་མཐར་ཕྱིན་པའི་ཕོ་བྲང་གཉིས་ཀྱི་གདུང་སྲས་སྐུ་ན་བགྲེས་རིམ་བཞིན་ཁྲི་པར་དུས་ཡུན་ལོ་གསུམ་རེ་ཕེབས་རྒྱུའི་གྲོས་ཆོད་གཏན་བེབས་མཛད་པ་བཞིན། འདི་ནི་ལེགས་བཅོས་གཏན་བེབས་མཛད་རྗེས་ཀྱི་ཁྲི་སྟོན་ཐོག་མ་དེ་ཡིན་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།