༧གོང་ས་མཆོག་ལ་གུས་ཞབས་དང་བོད་དོན་ལ་དོ་སྣང་ཡོད་གསུངས་བ།
2016.12.01

ཡོ་རོབ་ལྷན་ཚོཊ་ཀྱི་ཤེས་ཡོན་དང་རིག་གཞུང་གི་སྤྱི་ཁྱབ་འགན་འཛིན་མཆོག་གིས་༧གོང་ས་མཆོག་ལ་གུས་ཞབས་དང་བོད་དོན་ལ་དོ་སྣང་ཡོད་གསུངས་འདུག
ཡོ་རོབ་ལྷན་ཚོགས་ཀྱི་ཤེས་ཡོན་དང་རིག་གཞུང་གི་སྤྱི་ཁྱབ་འགན་འཛིན་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཞབས་ཡོད་པ་མ་ཟད། བོད་ཀྱི་གནད་དོན་སྐོར་ལ་དོ་སྣང་གནང་བཞིན་ཡོད་ཅེས་གསུངས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། བྷེལ་ཛེལ་Brussels་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་མཆོག་གིས་དུས་ཡུན་ཆུ་ཚོད་གཅིག་ཙམ་གི་རིང་ལ། ཡོ་རོབ་ལྷན་ཚོགས་ཀྱི་ཤེས་ཡོན་དང་རིག་གཞུང་གི་སྤྱི་ཁྱབ་འགན་འཛིན་ལྕམ་Martine Reicharts་དང་། དེ་བཞིན་ཡོ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་Henri Malosse་དང་མཇལ་འཕྲད་གནང་སྐབས། ཡོ་རོབ་ལྷན་ཚོགས་ཀྱི་ཤེས་ཡོན་དང་རིག་གཞུང་གི་སྤྱི་ཁྱབ་འགན་འཛིན་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཞབས་ཡོད་པ་མ་ཟད། བོད་ཀྱི་གནད་དོན་སྐོར་ལ་དོ་སྣང་གནང་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།
ད་དུང་ལྕམ་Reicharts་གྱིས་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་གར་གྱི་JNU་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དང་། Amrita་རྒྱལ་སྤྱིའི་ཤེས་ཡོན་སློབ་གཉེར་ལྟེ་གནས་ཁང་སོགས་དང་ཟུང་འབྲེལ་གྱི་ཤེས་ཡོན་ལས་འཆར་ལག་བསྟར་གནང་བཞིན་པའི་ནང་བོད་མི་ཚོ་ཡང་མཉམ་ཞུགས་ཐུབ་སྲིད་ལུགས་ཀྱི་དགོངས་འཆར་བཏོན་གནང་འདུག
དོན་གཅོད་བཀྲ་ཤིས་ཕུན་ཚོགས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་དང་རིག་གཞུང་གི་གནད་དོན་སྤྱི་དང་། བོད་མིའི་སྒྲིག་འཛུགས་ཀྱིས་སློབ་ཡོན་དང་དམིགས་བསལ་གྱི་མཐུན་རྐྱེན་སྦྱོར་སྤྲོད་བཅས་ཀྱི་བརྒྱུད་ནས་ཚད་མཐོའི་ཤེས་ཡོན་འཕེལ་རྒྱས་དང་། ཆེད་ལས་པ་དང་མཁས་དབང་གསོ་སྐྱོང་གི་ཆ་ལས་ལ་དམིགས་བསལ་ཐུགས་འཁུར་གནང་ཕྱོགས་ཐད་ལྕམ་Martine Reicharts་མཆོག་ལ་སྙན་སེང་ཞུས་གནང་འདུག
དེའི་རྗེས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས། ལྕམ་Riecharts་དང་། ཡོ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་སྐུ་ཞབས་Malosse་རྣམ་གཉིས་དང་མཇལ་འཕྲད་ཀྱིས་ཁོང་མོའི་ནང་མི་དང་། ཁོང་མོའི་མ་འོངས་ཀྱི་འཆར་གཞི་སོགས་ཀྱི་སྐོར་བཀའ་བསྡུར་ཞིབ་ཕྲ་གནང་འདུག་ལ། ཡོ་རོབ་མཐུན་ཚོགས་ཀྱི་དཔོན་རིགས་རྣམ་གཉིས་ཀྱིས་ཁོང་མོར་གདུང་སེམས་མཉམ་སྐྱེད་དང། ཁོང་མོའི་སྙིང་སྟོབས་ལ་བསྔགས་བརྗོད་གནང་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།