པེ་ཅིང་ནས་བོད་དོན་ངེས་བར་གླེང་དགོས་བའི་འབོད་སྐུལ་གནང་བ།
2015.05.06

ཡོ་རོབ་མཐུན་ཚོཊ་ཀྱི་ཕྱི་འབྲེལ་ལས་དོན་གྱི་སྐུ་ཚབ་ཀྱིས་རྒྱ་ནག་གི་དཔོན་རིཊ་ཚོའི་ལྷན་ངེས་བར་བོད་ཀྱི་གནད་དོན་གླེང་དགོས་པ་སྐུལ་འདུག
དེ་ཡང་ཡོ་རོབ་མཐུན་ཚོགས་ནང་གི་སྲིད་དོན་ཚོགས་པ་དྲུག་གི་གྲོས་ཚོགས་འཐུས་མི་༥༢་ཀྱིས་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་གྱི་ཆེས་མཐོའི་སྐུ་ཚབ་ལྕམ་Federica Mogheriniམཆོག་ལ་བདུན་ཕྲག་སྔོན་མའི་ནང་ཕྱག་ཡིག་གཅིག་ཕུལ་ནས། ཁོང་འདི་ཟླའི་ཚེས་༥་དང་༦་ཉིན་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཆེད་ཕེབས་གནང་སྟེ། རྒྱ་ནག་གི་དཔོན་རིགས་ཚོའི་ལྷན་དུ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་ཐབས་ཇུས་ཀྱི་ཆེས་མཐོའི་གྲོས་མོལ་གནང་སྐབས་བོད་ཀྱི་གནད་དོན་ངེས་པར་དུ་གླེང་དགོས་པ་སྤྱི་དང་། ལྷག་དོན་དུ་བོད་ནང་ཞི་བའི་ངོ་རྒོལ་གནང་མཁན་བོད་མི་རྣམས་རྒྱ་ནག་གཞུང་གིས་རང་སྣང་གང་དྲན་གྱིས་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་བྱེད་བཞིན་པར་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཐུགས་འཚབ་ཆེན་པོ་ཡོད་སྐོར་དང་། ཕྱི་ལོ་༢༠༡༤་ལོའི་ཕྱི་ཟླ་༧་ཚེས་༡་ཉིན་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་གསར་པ་སྐོང་འཚོགས་གནང་བ་ནས་བཟུང་ད་བར་རྒྱ་གཞུང་གིས་བོད་མི་༢༠༤་འཛིན་བཟུང་བཀག་ཉར་རམ་ཡང་ན་བཙོན་འཇུག་བྱས་པ་དང་། བོད་མི་དྲུག་བཙོན་ཁང་ནང་འདས་གྲོངས་སུ་ཕྱིན་པ། དེ་བཞིན་བོད་ནང་གི་བོད་མི་དྲུག་གིས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གནང་སྐོར་བཀོད་གནང་འདུག ད་དུང་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཕྱི་ལོ་༢༠༡༢་ལོར་ཡོ་རོབ་གྲོས་ཚོགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྲོས་ཆོད་བཞག་གནང་བ་དེའི་སྐོར་དྲན་སྐུལ་ཞུས་འདུག་ལ་བོད་ཀྱི་གནད་དོན་སེལ་ཐབས་ཆེད་རྒྱ་གཞུང་གིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་བསྐྱར་གསོ་བྱེད་དགོས་པ་མ་ཟད། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་དགོས་སྐོར་རྒྱ་ནག་གཞུང་ལ་སྐུལ་ལྕག་གནང་དགོས་པའི་འབོད་སྐུལ་སོགས་ཀྱང་ཞུས་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།