ཡོ་རོབ་མཉམ་འབྲེལ་གྱི་སྐུ་ཚབ་ཀྱིས་རྒྱལ་ཚོགས་ནང་བོད་དོན་གླེང་སློང་གནང་འདུག
ཡོ་རོབ་མཉམ་འབྲེལ་གྱི་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་༤༦པའི་ཐོག་གནང་བའི་གཏམ་བཤད་ནང་བོད་དོན་གླེང་སློང་གནང་འདུག
ཡོ་རོབ་མཉམ་འབྲེལ་གྱི་སྐུ་ཚབ་ཇོ་སེཔ་བྭོ་རེལ་(Josep Borrell)ལགས་གྱིས། སྔ་ལོ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨན་ཊོ་ནིའི་གྷུཊེ་རེསེ་(Antonio Guterres)ལགས་ཀྱིས། འདུ་འཛོམས་འདིའི་ཐོག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་དགོས་པའི་སྐུལ་འདེད་གནང་བ་ལྟར། དཀའ་ངལ་དེ་རིགས་ད་དུང་སེལ་མ་ཐུབ་པར་ལུས་ཡོད་པའི་ཁར། འཛམ་གླིང་ས་ཕྱོགས་མང་པོར་(Covid-19)ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་འོག་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོའི་ལམ་ལུགས་ལ་དོ་ཕོག་འགྲོ་བཞིན་པའི་གནད་དོན་ཐད། གཞུང་མང་པོས་འགྲོ་བ་མིའི་ཐོབ་ཐང་དང་། བེུད་ཀྱི་ཐོབ་ཐང་བརྡལ་བཤིག་དང་ཞི་བའི་ངོ་རྒོལ་བ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་མ་ཟད། ཞུ་གཏུག་མཐའ་མ་བྱེད་ཡུལ་རྒྱལ་སྤྱིའི་ཁྲིམས་ཁང་ཡང་གནོན་ཤུགས་འོག་ཚུད་ཡོད་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་སྲུང་སྐྱོབ་ཆེད་ཡོ་རོབ་མཉམ་འབྲེལ་གྱིས་ལས་འཆར་གསར་པ་ཞིག་ལག་ལེན་བསྟར་རྒྱུ་འགོ་འཛུགས་གནང་ཡོད་ཅེས་གསུངས་གནང་འདུག
ཡང་ཁོང་གིས། ཧོང་ཀོང་སོགས་ཡུལ་ལུང་ཁག་ཅིག་ནང་ཞི་རྒོལ་བ་རྒན་གཞོན་བར་གསུམ་གྱིས་སྲང་ལམ་དུ། རང་དབང་སྲུང་སྐྱོབ་དང་དྲང་བདེན་འཐབ་རྩོད་ཀྱི་ཞི་བའི་ལས་འགུལ་སྤེལ་བཞིན་པ་དེ་དག་ལ་དྲག་གནོན་བྱེད་བཞིན་པའི་ཐད། རྒྱལ་སྤྱིའི་ཐོག་ནས་ཞིབ་འཇུག་ནན་པོ་དགོས་གལ་ཆེ་བའི་སྐོར་གསུངས་བ་དང་སྦྲགས། རྒྱ་ནག་གཞུང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་འཛོལ་གྱིས་བོད་དང་ཤར་ཏུར་ཀིསུ་ཐན་དང་། ནང་སོག་
བཅས་ཀྱི་ནང་གི་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པ་དེར་ཡོ་རོབ་མཉམ་འབྲེལ་གྱིས་སྐྱོན་བརྗོད་གནང་བ་ཆབས་ཅིག ས་ཁུལ་དེ་དག་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་གཙོས་པའི་རང་དབང་ཅན་གྱི་གཟིགས་སྐོར་ཚོགས་པ་གཏོང་དགོས་བ་དང་། ཉམས་ཞིབ་ཕྱི་གསལ་ནང་གསལ་དགོས་པ། དེ་བཞིན་ཧོང་ཀོང་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རང་སྐྱོང་གི་གནས་བབ་འོག་གཞི་རིམ་གྱི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས། དམངས་གཙོའི་ལྟ་གྲུབ་བཅས་བ་སྲུང་སྐྱོབ་དགོས་ལུགས་སྐུལ་འདེད་གནང་འདུག