ཡོ་རོབ་ནས་རྒྱ་ནག་ལ་བརྡ་ལན།
2013.03.15
༄༅། །རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་Xi Jingping སྲིད་འཛིན་དུ་བསྐོ་བཞག་བྱུང་བར་བརྟེན། ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་གཏོང་དགོས་པའི་གྲོས་མཆོད་བཞག་པས་མ་ཟད། དམིགས་བསལ་བོད་ནང་དུ་རང་ལུས་མེ་སྲེག་གཏོང་བའི་ཡ་ང་བའི་གནས་སྟངས་གླེང་སློང་གནང་གི་ཡིན་ཞེས་གསུང་ཡོད་པ་རེད།
ཕྱི་ཟླ་གསུམ་པའི་ཚེས་༡༤ རེས་གཟའ་ཕུར་བུའི་ཉིན་དགུང་ལོ་༥༩ ཡིན་པའི་Xi Jingping གྱིས་སྲིད་འཛིན་Hu Jintao ནས་རྒྱལ་ཁབ་ཀྱི་སྲིད་འཛིན་གོ་གནས་འཕོ་ལེན་བྱས་པའི་སྐབས་དེར་ཡོ་རོབ་གྲོས་ཚོགས་ཐོག རྒྱ་ནག་གཞུང་གིས་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་དང་མཐུན་པའི་ཆབ་སྲིད་ལམ་ལུགས་ངེས་པར་དུ་བསྒྱུར་བཅོས་གཏོང་དགོས་པ་དང༌། ལས་དོན་དེའི་ཐོག་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ནས་མཉམ་ལས་བྱ་རྒྱུ་ཡིན་པའི་གྲོས་ཆོད་བཞག་ཡོད་པ་རེད། ད་དུང་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིས། བོད་ནང་དུ་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱས་ཏེ་རང་གི་གཅེས་པའི་ལུས་སྲོག་བློ་གཏོང་བྱེད་པའི་ཡ་ང་བའི་གནས་སྟངས་གླེང་སློང་བྱ་རྒྱུ་ཡིན་ཞེས་དང༌། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་པོའི་བཙན་གནོན་གཏང་བ་ཡིན་ན། བོད་ཀྱི་ས་ཁུལ་ནང་བརྟན་ལྷིང་རྩ་བ་ནས་ཡོང་ཐབས་མེད་པ་རེད་ཅེས་གསུང་ཡོད་པ་རེད། །