རྒྱ་གར་དམག་སྤྱི་ཟུར་པས་རྒྱ་གར་གཞུང་ལ་ཉེན་བརྡ།
2012.03.16
༄༅༎རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ལྦི་པི་མ་ལིཀ་མཆོག་གིས། རྒྱ་གར་གཞུང་གིས་རྒྱ་ནག་དང་ས་མཚམས་འཁེལ་ཡུལ་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་ཁུལ་སྲུང་སྐྱོབ་ལས་དོན་ཡར་རྒྱས་མ་བཏང་བ་ཡིན་ཚེ་རྒྱ་ནག་ཕྱོགས་ནས་རྒྱ་གར་གྱི་ས་ཁུལ་དེའི་ནང་བཙན་འཛུལ་དཔུང་མཇུག་བྱ་རྒྱུའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད།
དེ་ཡང་སྐུ་ཞབས་ཨེ་པི་མ་ལིཀ་གྱིས་རེས་གཟའ་ཕུར་བུའི་ཉིན་དགོང་དྲོ་ཨ་རུ་ན་ཅལ་ཁུལ་དུ་ཚོགས་པའི་འདུ་འཛོམས་ཤིག་གི་ཐོག་གཏམ་བཤད་གནང་བའི་སྐབས་གསུང་དོན། ཕལ་ཆེར་རྒྱ་ནག་ཕྱོགས་ནས་རྒྱ་གར་གྱི་ནུབ་བྱང་གྱི་ས་ཁུལ་ཁག་ཅིག་དང་ཨ་རུ་ན་ཅལ་མངའ་སྡེའི་ནང་དུ་བཙན་འཛུལ་གྱི་དམག་འཐབ་བྱ་སྲིད་པའི་ཉེན་ཁ་ཡོད་པར་བརྟེན་ནས་རྒྱ་གར་གཞུང་ཕྱོགས་ནས
ཨ་རུ་ན་ཅལ་ཁུལ་གྱི་ས་སྲུང་གི་ལས་དོན་ངེས་པར་དུ་ཚགས་ཚུད་དང་གོང་འཕེལ་གཏོང་དགོས་པ་དང༌། རྒྱ་གར་ནི་རྒྱ་ནག་དང་ས་མཚམས་རྒྱང་ཚད་ཀི་ལོ་མི་ཊར་བཞི་སྟོང་ཙམ་གྱི་ས་འབྲེལ་འཁེལ་ཡོད་པ་ཡིན་ཞིང༌། རྒྱ་ནག་གི་ཕྱོགས་ནས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ནི་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་ཡིན་པ་དང་རྒྱ་ནག་གི་བདག་དབང་ཡིན་ཟེར་འདས་པའི་མི་ལོ་བརྒྱད་དགུ་རིང་ཤོད་བཞིན་ཡོད་པའི་སྐོར་ལུང་འདྲེན་གནང་སྟེ་ད་ཆ་རྒྱ་གར་ནི་ཕྱི་ཕྱོགས་ཀྱི་གོ་མཚོན་ཐོན་སྐྱེད་ལ་བརྟེན་ནས་སྡོད་ཐབས་མེད་པ་དང༌། རྒྱ་གར་གཞུང་དང་སྒེར་གྱི་ཚན་པ་སོ་སོའི་ནས་གོ་མཚོན་བཟོ་སྐྲུན་རང་འགོ་རང་ཐོན་བྱ་དགོས་པའི་དུས་ལ་བབ་ཡོད་པ་བཞིན་ལག་བསྟར་འཁྱོལ་བར་གཞུང་ཕྱོགས་ནས་སྐུལ་སློང་བྱ་དགོས་པ་ཡིན། ང་ཚོ་རྒྱ་གར་གྱི་སྟོབས་ཤུགས་གཙོ་བོ་ནི་མི་དམངས་ཡིན་ཞིང་ང་ཚོའི་ངོས་ནས་ཕྱིའི་བཙན་འཛུལ་པར་གདོང་ལེན་བྱེད་ཐུབ་པའི་གོ་མཚོན་ནུས་པ་ལྡན་པ་དགོས་གལ་ཆེ་བའི་སྐོར་གསུང་སྟེ། རྒྱ་གར་གཞུང་གིས་བཙན་འཛུལ་པ་འགོག་རྒོལ་དང་རྒྱ་གར་གྱི་བདག་དབང་གི་ས་ཆ་སྲུང་སྐྱོབ་ཀྱི་ལས་དོན་བྱ་ཕྱོགས་སྐོར་གཏམ་བཤད་གནང་ཡོད་པ་རེད།