དོན་གྲུབ་དབང་ཆེན་དང་བཀྲ་ཤིས་ལ་གདུང་སེམས་མཉམ་བསྐྱེད།
2010.12.14
༄༅༎བཙན་བྱོལ་དུ་གནས་པའི་བོད་རིགས་རོལ་དབྱངས་སྒྱུ་རྩལ་བ་ཁག་ཅིག་གིས་བོད་ནང་རྒྱ་ནག་གིས་བཙོན་འཇུག་དོ་དམ་འོག་ཏུ་བཀག་ཉར་བྱེད་བཞིན་པའི་དོན་གྲུབ་དབང་ཆེན་ལགས་དང་བཀྲིས་དོན་གྲུབ་ལགས་ལ་གདུང་སེམས་མཉམ་སྐྱེད་ཀྱི་རོལ་དབྱངས་བསྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པའི་གནས་ཚུལ་ཐོན་འདུག་། ཨ་མི་རི་ཀར་ཞུགས་བཞིན་པའི་བོད་ཀྱི་རོལ་དབྱངས་རྒྱུ་རྩལ་པ་བཀྲས་ཆུང་ལགས་དང་ ཁེ་མེད་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མཉམ་རུབ་ཀྱི་ཐོག་ནས་ཨ་མི་རི་ཀ་དང་རྒྱ་གར་གྱི་ས་གནས་ཁག་ཏུ་ཕེབས་ནས་རོལ་དབྱངས་ཀྱི་འདུ་འཛོམས་ཀྱི་ཐོག་ནས་རྒྱ་ནག་གི་བཙོན་འཇུག་བྱས་པའི་རྨ་ཁ་མེད་པའི་གཅར་རྡུང་ཞེས་པའི་རྒྱལ་གཅེས་ཀྱི་གླུ་གཞས་བཏང་མཁན་བཀྲིས་དོན་གྲུབ་ལགས་དང་ འཇིགས་བྲལ་གྱི་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བཞིན་པ་རེད་འདུག་། ཁོང་རྣམས་ཀྱི་ལས་འགུལ་དེ་འདི་ལོ་ཕྱི་ཟླ་བཅུ་གཉིས་ནས་ཕྱི་ལོ་གསར་པའི་ཟླ་བ་དང་པོའི་རིང་ས་གནས་ཁག་ཏུ་ཕེབས་ནས་ལས་འགུལ་སྤེལ་གནང་རྒྱུ་ཡིན་ཅིང་། འདི་ལོ་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༡ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མིའི་སྡོད་སྒར་བསམ་ཡས་གླིང་གི་ཉེ་འགྲམ་གྱི་ཐང་ཆེན་ཐོག་རོལ་དབྱངས་ཀྱི་འདུ་འཛོམས་ཤིག་གནང་འདུག་། འདུ་འཛོམས་དེའི་ནང་བོད་རིགས་རོལ་དབྱངས་དང་གཞས་སྣའི་རྒྱུ་རྩལ་བ་མི་གྲངས་ བཅུ་གཅིག་ཀྱང་མཉམ་ཞུགས་གནང་ཡོད་པ་རེད་འདུག་། སྐབས་དེར་་བཀྲིས་དོན་གྲུབ་ལགས་ཀྱིས་བཏང་གནང་བའི་རྨ་ཁ་མེད་པའི་གཅར་རྡུང་ཞེས་པའི་གླུ་གཞས་དང་ དོན་གྲུབ་དབང་ཆེན་ལགས་ཀྱིས་འཇིགས་བྲལ་ཞུས་པའི་གློག་བརྙན་གྱི་ཟུར་ཆ་གཟིགས་འབུལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་བྱུང་འདུག་།