གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་༢པ་ཚོགས་གཏན།
2011.04.01
༄༅༎བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་༡༡པའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ནས་བགྲེས་ཡོལ་དུ་ཕེབས་རྒྱུའི་གསུང་འཕྲིན་སྩལ་གནང་བའི་དགོངས་དོན་ཉམས་ལེན་ཞུ་ཕྱོགས་ཀྱི་གྲོས་ཆོད་གཏན་འབེབས་བྱུང་བ་ལྟར། བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཚོགས་རྒྱུའི་དུས་ཚོད་དང་ས་ཆ་སོགས་གཏན་འཁེལ་གསལ་བསྒྲགས་གནང་ཡོད་པ་རེད།
རེས་གཟའ་ཕུར་བུའི་ཉིན་སྤེལ་བའི་གསལ་བསྒྲགས་དེའི་ནང༌། བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དེ་ནི། རིང་མིན་ཕྱི་ཟླ་ལྔ་པའི་ཚེས་༢༡ ནས་༢༣ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་རམ་ས་ལར་འཚོགས་གཏན་འཁེལ་བ་དང༌། ཚོགས་ཞུགས་པ་ཚོས། ཕྱི་ཟླ་བཞི་པའི་ཚེས་༣༠ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་མཚན་ཐོ་ཐོ་འགོད་གནང་དགོས་པ་དང༌། དང་བླངས་ཚོགས་ཞུགས་པའི་རིགས་མཚན་ཐོའི་སྔ་གཞུག་ལྟར་ཚོགས་མིའི་ཁོངས་སུ་འཇུག་རྒྱུ་ཡིན་ཟེར་བཀོད་གནང་ཡོད་པ་མ་ཟད། ཚོགས་མིའི་ཡོངས་ཁུངས་ནི། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དང༌། བཀའ་བློན་ཟུར་པ། བཀའ་ཤག་སྐབས་བཅུ་བཞི་པའམ་བོད་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་ཏེ་འོས་ཐོན་བྱུང་བའི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང༌། སྤྱི་འཐུས་ཟུར་པ། སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་ཐོན་རྣམས། རྡ་རམ་ས་ལར་བཞུགས་པའི་གཞུང་ཞབས་ཟུང་དྲུང་ཡན། ས་གནས་འཐུས་ཚོགས་ཁག་གི་འཐུས་མི། ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན་བཅས་པའི་གྲ་བཙུན་སྐུ་ཚབ་རེ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པའི་བོད་པའི་ཚོགས་པ་དང། བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་སྐུ་ཚབ་རེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་གཉིས་རེ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་རེ། རྒྱུན་ལྡན་བོད་དོན་ཐོག་ལ་ཐུགས་སྣང་དང་ལས་འགུལ་ནང་བཞུགས་མཁན་དང། མཁས་དབང༌། ཆེད་ལས་པ། སྤྱི་ཚོགས་ཞབས་ཞུ་བ་བཅས་མཉམ་ཞུགས་གནང་འདོད་ཡོད་མཁན་བཅས་བསྡུ་སྐོང་གནང་རྒྱུ་ཡིན་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།