བོད་མི་མང་སྤྱི་འཐུས་གྲོས་ཚོཌ་ཚོཌ་འདུས་འཕར་མ།
2011.05.26
༄༅༎བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་ཚོགས་ཆེན་མཇུག་སྦྲིལ་ཟིན་པའི་རྗེས་ རེས་གཟའ་ཕུར་བུའི་ཉིན་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཅའ་ཁྲིམས་ཀྱི་ཟིན་བྲིས་ཁག་ལ་བགྲོ་གླེང་དང་གྲོས་ཆོད་གཏན་འབེབས་གནང་ཆེད་ དམིགས་བསལ་གྱི་གྲོས་ཚོགས་ཚོགས་དུས་འཕར་མ་འགོ་འཛུགས་གནང་ཡོད་པ་རེད་༎
བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐོག་ནས་ སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་སྔོན་གླེང་དང་ དོན་ཚན་དང་པོའི་སྐོེར་སྤྱི་མོས་ཀྱི་བསམ་འཆར་ཕྱོགས་སྡོམ་སྤྱན་འབུལ་ཞུས་པ་དང་སྦྲགས་ གོང་ས་མཆོག་རྒྱལ་ཁབ་ཀྱི་དབུ་འཁྲིད་ཀྱི་མཚན་གནས་བཞེས་རྒྱུར་གསོལ་པ་ཕུར་ཚུགས་སུ་འདེབས་པའི་གསོལ་འདེབས་ཞུས་ཡོད་པ་རེད་ དེར་གོང་ས་མཆོག་གིས་ཞལ་བཞེས་གནང་མེད་ནའང་ རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་གོང་འབུལ་ཞུས་པའི་སྙན་ཐོ་དེར་ཐུགས་ཞིབ་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད་ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ ད་རེས་ཉིན་གྲངས་གསུམ་རིང་གི་གྲོས་ཚོགས་ཚོགས་དུས་འཕར་མ་འདིའི་སྐབས་ བཅའ་ཁྲིམས་ནང་གསལ་བའི་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྗོགས་ ད་ཆ་མི་མང་གིས་འོས་འདེམས་བྱས་པའི་སྐུ་ཚབ་རྣམས་ལ་བགོ་འགྲེམས་གནང་ཕྱོགས་སླད་བཅའ་ཁྲིམས་ལ་དགོས་ངེས་ཀྱི་སྐྱར་བཅོས་གཏན་འབེབས་གནང་ཐབས་ཡིན་པའི་སྐོར་འགྲེལ་བརྗོད་གནང་འདུག་ལ་ དེ་མཚུངས་སྤྱི་འཐུས་ལྷན་ཁང་གི་མགྲིན་ཚབ་པ་བསྟན་འཛིན་ནོར་བུ་ལགས་ཀྱིས་ ད་རེས་གྲོས་ཚོགས་ཚོགས་དུས་འཕར་མ་འདིའི་ཐོག་ གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་བགོ་འགྲེམས་གནང་རྒྱུའི་ཐག་གཅོད་གཙོས་པའི་གཞན་གལ་ཆེའི་གནད་དོན་མང་དག་ཅིག་ཐོག་སྤྱི་འཐུས་རྣམ་པ་ཚོས་བགྲོ་གླེང་གནང་རྒྱུ་ཡིན་ཡང་ ད་ལྟའི་སྐབས་༡༤པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དུས་དེ་ཕྱི་ཟླ་༥པའི་ཚེས་༣༠ཉིན་ དུས་ཚོད་གཙང་གི་ཡོད་སྟབས་ སྐབས་༡༥པའི་སྤྱི་འཐུས་ལྷན་ཚོགས་ནས་གོང་གསལ་གྱི་གནད་དོན་དེ་དག་ལ་ཐག་གཅོད་ཡང་གནང་དགོས་པ་ཆགས་སྲིད་པའི་སྐོར་གོ་བརྡ་གནང་འདུག་༎